དལ་འབྱོར་ཐོབ་པར་དོན་ཡོད་པས། །སྤྲུལ་སྐུ་བླ་མ་རྗེ་དང་མཇལ། །
དམ་པ་སངས་རྒྱས་རིན་ཆེན་ལ། །ཕག་གྲུ་དགོན་པར་སྙིང་པོ་བླངས། །
དང་པོ་བླ་མས་ཐུགས་རྗེས་བཟུང་། །བར་དུ་བཀའ་བརྒྱུད་བྱིན་རླབས་ཞུགས། །
ད་ལྟ་རྟོགས་པ་རི་རྒྱལ་བརྟན། །རྣལ་འབྱོར་ཇི་ལྟར་བྱས་ཀྱང་བདེ། །
དང་པོ་གཉུག་མའི་ངང་ལ་བཞག །བར་དུ་དྲན་རྟོགས་དབྱིངས་སུ་ཡལ། །
ད་ལྟ་བློ་འདས་ཆོས་སྐུར་རྟོགས། །རྣལ་འབྱོར་ཅི་ལྟར་བྱས་ཀྱང་བདེ། །
དང་པོར་རྨི་ལམ་འོད་གསལ་བསྒོམ། །བར་དུ་རྨི་ལམ་འོད་གསལ་འཆར། །
ད་ལྟ་ཉིན་མཚན་རྒྱུན་ཆད་མེད། །རྣལ་འབྱོར་ཅི་ལྟར་བྱས་ཀྱང་བདེ། །
དང་པོ་སྤྲོས་བྲལ་རྟོགས་པ་ཆོད། །བར་དུ་གཉིས་མེད་ཉམས་སུ་མྱོང་། །
ད་ལྟ་སྒོམ་མེད་ཀློང་དུ་གྱུར། །རྣལ་འབྱོར་ཅི་ལྟར་བྱས་ཀྱང་བདེ། །
དང་པོ་མོས་གུས་འགྱུར་བ་མེད། །བར་དུ་ཉམས་རྟོགས་འགྱུར་བ་མེད། །
ད་ལྟ་སངས་རྒྱས་རང་ལ་བརྙེས། །རྣལ་འབྱོར་ཅི་ལྟར་བྱས་ཀྱང་བདེ། །
དང་པོ་ཞེན་མེད་རི་དགོན་བསྟེན། །བར་དུ་ཕྱི་མའི་རྣམ་སྨིན་དྲན། །
ད་ལྟ་ཞེན་མེད་རྣལ་འབྱོར་ང་། །མི་ཆོས་བླ་མ་རིང་བར་གདའ། །
ཞེས་དལ་འབྱོར་དོན་པའི་མགུར་འདི་ཤེས་རབ་ཡེ་ཤེས་ཀྱིས་བླངས་སོ། །