ཨོཾ་སྭ་སྟི། །ལེགས་པའི་ཡོན་ཏན་ཐམས་ཅད་ནི། །འགྲོ་བ་ཀུན་ལ་ཁྱབ་གྱུར་ཅིག །

སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །དགོས་འདོད་ཐམས་ཅད་འབྱུང་བའི་གནས། །

དངོས་གྲུབ་མ་ལུས་སྟེར་བའི་གཞི། །དུས་གསུམ་འགྱུར་མེད་ངང་ལ་བཞུགས། །

དོན་གཉིས་ཐར་པར་འདྲེན་མཛད་པ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །

བགྲོད་པ་གཅིག་པའི་ལམ་གྱི་མཆོག །ཐེག་ཆེན་བསྟན་པ་བདུད་རྩིའི་བཅུད། །

བླ་མ་སངས་རྒྱས་ཐམས་ཅད་ཀྱི། །དགོངས་དོན་ཟུར་ཙམ་བརྗོད་པར་བྱ། །

སོ་སོ་སྐྱེ་བོས་ཟབ་དོན་རྟོགས་དཀའ་བས།  །ཆོས་ལ་བག་ཆགས་འཇོག་རྒྱུ་གཙོ་བོ་ཡིན། །

སྦྱིན་དང་ཚུལ་ཁྲིམས་བཟོད་པ་ལ། །རང་གཞན་དོན་གཉིས་འབྲས་བུ་གྱུར། །

བརྩོན་འགྲུས་བློ་གྲོས་དཔག་མེད་ཀྱིས། །རྒྱུ་འབྲས་དམིགས་པར་རྩེ་བཟུང་ནས། །

བླང་དོར་འབྱེད་པའི་ཤེས་རབ་ཀྱིས། །ལྷག་པའི་བསམ་གཏན་སྒོམ་པ་དང་། །

ཐུབ་པའི་བསྟན་པ་མ་ལུས་ཀུན། །གཅེས་སྤྲས་གུས་པའི་ཚུལ་གྱིས་ལོངས། །

སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་པ་འཛིན་པའི་དམ་ཚིག་རྣམས། །

ལེགས་པར་སྲུང་བའི་སྡོམ་པ་དང་། །སྨོན་འཇུག་སེམས་བསྐྱེད་སྨིན་བྱས་ནས། །

དབང་བཞི་ཐོབ་པའི་གྲོལ་ལམ་དང་། །བསྐྱེད་རྫོགས་གཉིས་པོ་ཟུང་འཇུག་བསྒོམ། །

རྒྱུན་དུ་སྐྱབས་སེམས་ཆབ་ཀྱིས་བྲན། །དམིགས་པའི་ཡུལ་དུ་སེམས་ཅན་བསྒོམ། །

འབྲས་བུ་ཐམས་ཅད་མཁྱེན་འདོད་ན། །དོན་སྙིང་དེ་དག་བསླབ་པར་བྱོས། །

བཞན་ལ་གནོད་པ་བྲལ་བ་ཡི། །སོ་སོར་ཐར་པ་བླང་བྱ་སྟེ། །

གཞི་ལ་སྐྱབས་སུ་འགྲོ་བ་བྱ། །སྐྱབས་འགྲོ་བློ་ལ་མ་སྐྱེ་ན། །

ཡོན་ཏན་རིན་ཆེན་སྐྱེ་བ་དཀའ། །འཆི་བའི་ཆུ་བོར་བྱིང་བ་ལ། །

ཐར་པ་འདོད་པའི་བློ་མེད་ན། །དམན་པའི་ནང་ནས་དམན་པ་ཡིན། །

ལོང་བ་ཁྲིད་མཁན་སྟོར་དང་འདྲ། །མཁྱེན་པའི་ལམ་ལ་རྒྱབ་ཀྱིས་ཕྱོགས། །

ཀྱེ་མ་འདི་འདྲ་དངོས་པོ་ལ། །རྟག་བརྟན་ཞེན་པ་འཛིན་པའི་ཚེ། །

མི་རྟག་འཆི་བ་བསམ་པར་བྱ། །དུས་དང་རྐྱེན་དང་གནས་ལ་ཡང་། །

ངེས་མེད་འཆི་འོང་ངེས་པ་ཡིན། །མངའ་རིས་ནོར་ཟས་ཉེ་འབྲེལ་ཡང་། །

ལུས་ནས་བོངས་རིག་སྣང་བ་འབྱེ། །རིག་པ་གཅིག་པུ་འགྲོ་ཙམ་ན། །

བར་དོའི་སྣང་བ་གཞི་བྱས་པའི། །མེ་དང་ཆུ་དང་དམྱལ་སྲུང་གིས། །

སྣང་བ་མི་འཆར་མཛད་པར་ཞུ། །འཆི་བ་ཙམ་ཞིག་ཤེས་པ་ལ། །

ཆོས་ཀྱི་དགོས་པ་ཤེས་དཀའ་བས། །ཆོས་ཀྱི་བློ་གྲོས་རྒྱས་པ་ལ། །

གཞི་ལམ་འབྲས་བུ་གཅེས་པར་བཟུང་། །དུག་ལ་འབྲས་བུ་དུག་འབྱུང་ཞིང་། །

སྨན་ལ་འབྲས་བུ་སྨན་འབྱུང་བ། །སྐྱེས་བུ་ཁྱེད་ཀྱིས་མཁྱེན་ལགས་སམ། །

འཁོར་བར་སྤང་བླང་མ་བྱུང་ན། །མི་གཙང་སྲིན་བུ་འདུག་དང་འདྲ། །

ཐེག་དམན་བློ་གྲོས་སྦྱངས་གྱུར་ན། །ཐམས་ཅད་མཁྱེན་ལ་ཕྱག་འཚལ་ཙམ། །

རྒྱ་ཆེ་ལུང་གྲང་མང་ན་ཡང་། །བྱ་མ་རེ་ལ་བསྐྱོད་ལུགས་རེ།  །

ལས་འབྲས་མིག་འབྲས་བཞིན་དུ་སྲུངས། །ཐམས་ཅད་མཁྱེན་པ་སྤྱི་བོར་བཀུར། །

འཁོར་བ་མི་གཙང་འདམ་སོམས་ན། །ཐེག་པ་ཆེན་པོའི་སྐྱེ་བོ་ཡིན། །

གཅེས་པ་ཐམས་ཅད་བསླབ་པར་བྱ། །ཕ་རོལ་ཕྱིན་དྲུག་བསླབ་པ་གསུམ། །

ཚོགས་གཉིས་སེམས་ཅན་དོན་དང་བཅས། །དུས་དེ་ནས་བཟུང་བསམ་པར་བྱ། །

སྙིང་རྗེའི་ཕན་སེམས་མ་བྱུང་ན། །སེམས་བསྐྱེད་བྱས་པ་རྫུན་མ་ཡིན། །

ཆོས་ལ་ཆོས་སུ་མ་མཐོང་ན། །དམ་པ་ཟེར་བ་རྫུན་མ་ཡིན། །

སྙིང་རྗེ་སྟོང་པ་མ་འདྲེས་ན། །ཐེག་ཆེན་ཟེར་བ་རྫུན་མ་ཡིན། །

ཆོས་ཤིག་རྒྱུད་ལ་མ་སྐྱེས་ན། །ཇི་སྲིད་བསྒྲུབ་ཀྱང་འཁོར་བ་ཡིན། །

ཆོས་ཀྱི་རྣམ་བཞག་ཤེས་ཙ་ན། །བློ་གྲོས་དམག་དཔུང་མ་ཆུང་ཞིག །

ཤེས་རབ་རལ་གྲི་མ་རྟུལ་ཞིག །རྟག་དཔྱད་འགལ་འབྲེལ་མ་གཡོལ་ཞིག །

སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི། །གཞི་ལམ་འབྲས་བུ་གསུམ་དུ་འདུས། །

གཞི་ལ་རང་བཞིན་སྤྲོས་བྲལ་དེ། །སྣང་སྲིད་འཁོར་འདས་ཡོངས་ལ་ཁྱབ། །

རིམ་གྱི་བགྲོད་དང་གཅིག་ཆར་བགྲོད། །གང་དུ་བགྲོད་ཀྱང་སངས་རྒྱས་རྒྱུ། །

འབྲས་བུ་འོད་གསལ་སྤྲོས་ཚོགས་ཞི། །འཛིན་བྲལ་རང་སེམས་གསལ་ན་དག །

རྩ་བ་ཆོད་ན་མངོན་སངས་རྒྱས། །འོན་ཀྱང་འབྲས་བུ་མངོན་འདོད་ན། །

མཚན་ཉིད་ལྡན་པའི་བླ་མ་བཙལ། །དབང་དང་དམ་ཚིགས་ནན་ཏན་སྲུངས། །

རྒྱུན་དུ་གདམས་ངག་ཉམས་སུ་ལོངས། །ཆོས་ལ་གུས་པའི་འདུལ་བར་བྱ། །

ཉམས་རྟོགས་ལྡན་པའི་ཏིང་འཛིན་ལ། །ཁས་ལེན་མེད་པའི་བསྒོམ་པར་བྱ། །

དང་པོ་རང་གི་སེམས་བརྒྱུད་ལ། །བྱམས་དང་སྙིང་རྗེས་བརླན་པ་དང་། །

ལུས་ལ་བསྒྲིམ་ཀློད་མི་བཅོས་ཤིང་། །བསམ་གཏན་ཡན་ལག་ཅི་བདེ་བསྒོམ། །

རང་ལུས་ལྷ་ཡི་འདུ་ཤེས་ངང་། །སྙིང་གི་དབུས་སུ་བླ་མ་བསྒོམ། །

ལུས་དང་ལོངས་སྤྱོད་མཆོད་པ་འབུལ། །ཉམས་རྟོགས་སྐྱེ་བའི་གསོལ་གདབ་ནས། །

སེམས་ཉིད་སྟོང་པའི་ངང་ཉིད་ལ། །མ་བཅོས་པ་ནི་འཕགས་པའི་ལམ། །

རང་དགའ་བདེ་ཆེན་ས་གནས་ལ། །སོ་མ་སེམས་ཉིད་གསལ་ལ་དག །

འཛིན་མེད་འདུག་ན་མྱ་ངན་འདས། །གཟུང་འཛིན་ཁམས་གསུམ་འཁོར་བ་སྟེ། །

རིག་པ་ཉིད་དུ་འཆར་གྱུར་ཅིག ། རིག་པ་གཞི་མེད་ཤར་ཙམ་ན། །

འཁོར་བའི་རྩ་བ་ཆོད་པ་ཡིན། །ཆོས་ཉིད་སེམས་ཀྱི་གནས་ལུགས་དེ། །

གསལ་སྟོང་མཐའ་དབུས་མེད་པ་ན། །གཉུག་མའི་རང་ཉམས་ཤར་བ་ཡིན། །

ཐ་དད་རྣམ་རྟོག་མང་པོ་ཀུན། །ཡོངས་སུ་དག་པའི་ངང་ཉིད་ལས། །

གཞི་མེད་རྩ་བྲལ་གཉིས་མེད་འགྲོ། །དུས་གསུམ་གཅིག་པའི་ཉམས་ཀྱང་འབྱུང་། །

འཁོར་འདས་ཆོས་ལ་སྒྲོ་འདོགས་ཆོད། །སྐྱེ་མེད་དོན་ལ་བློ་གྲོས་རྒྱས། །

བསྒོམ་བྱ་སྒོམ་བྱེད་སྣང་བ་ཀུན། །སྤྲོས་དང་བྲལ་ན་རྣལ་འབྱོར་ཡིན། །

རྣམ་དག་སེམས་ཀྱི་རྩ་བ་ལ། །ཕྱི་རུ་འཁོར་བའི་སྣང་བ་དང་། །

ནང་དུ་བདེ་བ་འཛིན་པ་ན། །གཟུང་འཛིན་སྤྲོས་བཅས་གྱུར་བར་ཡིན། །

སེམས་ཉིད་ནམ་མཁའ་ལྟ་བུ་ལ། །སྣང་སྲིད་འཁོར་འདས་རོ་གཅིག་དང་། །

གཉིས་འཛིན་སྣང་བ་ནུབ་གྱུར་ན། །སྤྲོས་མེད་ངང་གི་སྐྱེ་བར་ཡིན། །

དྭངས་སྙིགས་འབྱེད་པས་མངོན་ཤེས་དང་། །མཚན་མ་དག་པའི་མཁའ་འགྲོ་འདུ། །

གཉིས་འཛིན་ཕྲག་དོག་ཆད་པ་དང་། །གཞན་དོན་འབད་མེད་ལྷུན་གྱིས་འགྲུབ། །

རང་སེམས་ཆོས་སྐུ་མཐོང་བའི་ངང་། །འབད་རྩོལ་བྲལ་ན་སྒོམ་མེད་ཡིན། །

སྐྱེ་མེད་ཟིན་པའི་བདེ་ཆེན་དང་། །ཁས་ལེན་མེད་པའི་ལྟ་བ་ཡིན། །

མཉམ་རྗེས་མེད་པའི་བདེ་སྟོང་དེ། །དུས་གསུམ་སངས་རྒྱས་ཐུགས་རྒྱུད་ཡིན། །

ཆོས་རྣམས་ཐམས་ཅད་དེ་ལྟར་མོད། །ཐེག་པ་ཆེན་པོིའི་ཆོེས་སྒོར་ཞུགས། །

དཔོན་སློབ་རྟེན་འབྲེལ་འཛོམ་པ་ན། །བླ་མར་མོས་གུས་ཚལ་དུ་འཇོག །

སྒྲུབ་པའི་ཆོས་ལ་བརྩོན་བར་མཛོད།  ཁ་ཟས་རྒྱབ་གོས་ལ་སོགས་པའི། །

བསྟོད་སྨད་ཡག་ཉེས་བཟང་ངན་ཀུན།  །བདེན་རྫུན་ཐམས་ཅད་རྒྱབ་ཀྱིས་ཕྱོགས། །

སྒྲུབ་པར་བྱེད་ནས་འཁྲི་བར་གཅོད།  །ཞེན་པ་བོར་ལ་སྤྲོས་པ་བསྐྱུར་།  །

བླ་མ་རིན་པོ་ཆེ་ཡིས་ཀྱང་།  དུང་དུང་བྱས་ན་བདེ་འགོ་འཚུགས། །

ཤུགས་སུ་བྱུང་ན་དངོས་གྲུབ་ཡིན། །རྩོལ་བས་བསྒྲུབ་ན་བར་ཆོད་ཡིན། །

ཞེས་གསུངས་དེ་ལྟར་རྣལ་འབྱོར་པས། །དང་པོར་བྱིན་རླབས་ཞུགས་པ་དགོས། །

གཉིས་པ་མོས་གུས་ཚོགས་གསོག་ངང་། །འུར་གྱིས་ཧྲིལ་གྱིས་དྲིལ་ལགས་ན། །

སྣང་སྲིད་འཁོར་འདས་ཐམས་ཅད་ནི། །སྐྱེ་བ་མེད་པ་རྟོགས་པར་གྱུར། །

རྟོགས་མཁན་སེམས་ཉིད་ནམ་མཁའ་ལ། །གཞི་མེད་རྩ་བྲལ་ཆོས་དབྱིངས་སུ། །

མྱང་འདས་ཁང་བཟང་མཐོང་བ་ན། །ཆོས་ཀྱི་གོ་འཕང་དེ་ཉིད་ཡིན། །

དད་ལྡན་སློབ་མར་ཕན་ཕྱིར་དུ། །འདི་བརྗོད་དགེ་བའི་བསོད་ནམས་ཀྱིས། །

འགྲོ་དྲུག་ཆོས་སྐུ་ཐོབ་པར་ཤོག །ཅེས་ཤེས་རབ་ཡེ་ཤེས་ཀྱིས་སྦྱར་བའོ། །

                          ཆོས་ཀྱི་རྒྱུལ་པོ་སྨར་པ་རིན་པོ་ཆེའི་གདམས་མགུང་འདི་བདག་དབང་སྨར་ཚང་བཀའ་བརྒྱུད་རྒྱལ་ཡོངས་ལས་ཁུངས་ལ་ཡོད་པས་གང་འབྱུང་པར་བཤུ་མི་ཆོག །