དུས་རབས་ཉེར་གཅིག་པ་འདི་བོད་པ་རྣམས་ཀྱིས་ཆོས་ལུགས་ཀྱི་ལོ་རྒྱུས་དང་། ཡུལ་ལུང་གི་ལོ་རྒྱུས་སོགས་ལ་ཉམས་ཞིབ་བྱས་ནས་རྩོམ་ཡིིག་བྲིས་པ་ནི་ལོ་རྒྱུས་ཀྱི་སྟོང་ཆ་བཀང་བས་བསྔགས་བརྗོད་ཞུ་འོས་ལ། འོན་ཀྱང་།  ལོ་རྒྱུས་ལ་དཔྱད་པ་དྲང་པོ་ཡིན་པའི་རྣམ་པར་ཇི་སྲིད་སྟོན་ན། ཞེ་ཕུག་ནས་གང་ལ་ཕྱོགས་འདོད་པ་ལ་ལྷན་པར་སྦྱར་ནས་ཆེན་པོ་བཟོ་བའི་ཐབས་ཇུས་འཚོལ་བ། གཞན་གྱི་ལོ་རྒྱུས་དྲང་པོ་བཤད་ཕོད་པའི་བློ་ཁོག་གི་མ་འདང་བའི་སྡར་མ་མང་པོ་ཞིག་མཐོང་བའི་རྐྱེན་ལ་བརྟེན་ནས། སྐབས་སུ་བབ་པ་མཉམ་མེད་བཀའ་བརྒྱུད་པའི་མིང་ལ་དཔྱད་པ། མར་པའི་དགོན་པ་ལ་དཔྱད་པ། ཆེ་བཞི་ཆུང་བརྒྱད་ལ་དཔྱད་པ། སྨར་ཀ་གཉིས་སྔ་ཕྱི་ལ་དཔྱད། ཀམ་ཚང་གི་བྱ་བ་ལ་དཔྱད་པའོ། །  

དང་པོ། མཉམ་མེད་བཀའ་བརྒྱུད་པའི་ལོ་རྒྱུས་སྨྲ་བ་འགའ་ཤས་ཀྱིས་རྗེ་མར་པའི་སྐུ་དུས་ལ་སྒྲུབ་བརྒྱུད་དང་། ཕྱག་ཆེན་ཞེས་མིང་བོས་པ་ཙམ་ལས་བཀའ་བརྒྱུད་ཅེས་པའི་མིང་འདི་བྱུང་མེད་ཚུལ་གླེང་བ། རྗེ་སྒམ་པོ་པས་དགོན་པ་བཏབ་པའི་རྗེས་ལ་བཀའ་གདམས་དང་སྒྲུབ་བརྒྱུད་གཉིས་ཆུ་བོ་གཅིག་འདྲིས་སུ་གྱུར་བས། བཀའ་བརྒྱུད་ཅེས་མིང་ཐོག་ཚུལ་གླེང་བ་ནི་ལོ་རྒྱུས་དངོས་དང་རྒྱང་རིང་དུ་སོང་བར་མཐོང་སྟེ།  པཎ་ཆེན་ནཱ་རོ་པས་བཀའ་བབ་བཞིའི་ཆོས་ཀྱི་མིང་དང་ཆོས་ཀྱི་བརྒྱུད་པ་གཉིས་ཤན་སྦྱར་ནས་བཀའ་བརྒྱུད་ཅེས་མཚན་གསོལ་བའི་མིང་ཚིག་བྱིན་རླབས་ཅན་ཞིག་ཡིན། ཇི་ལྟར་ཡིན་ཞེ་ན། པཎ་ཆེན་ནཱ་རོ་པས་སྐལ་ལྡན་གདུལ་བྱ་ལུང་བསྟན་པའི་མགུར་ལས། སྔོན་ཚུལ་བཞིན་སྦྱངས་པའི་ལས་འཕྲོ་ཅན། །བོད་ཡུལ་གྱི་མར་པ་ལོ་ཙྭ་ཁྱོད། །འཁོར་ལོས་སྒྱུར་རྒྱལ་རིན་ཆེན་འཛིན། །དད་པ་རྡོ་ལ་ཡི་གེ་བྲིས། །རིགས་བརྒྱུད་ནམ་མཁའི་མེ་ཏོག་ཡལ། །བཀའ་བརྒྱུད་ཆུ་བོའི་གཞུང་བས་རིང་། །སེང་གེ་ཁྱུང་གི་ཕྲུ་གུ་བཞིན། །བུ་སློབ་མ་བས་ཀྱང་ཡང་སློབ་བཟང་། །ཐེག་མཆོག་སྙིང་པོའི་དོན་སྡུད་ནས། །ལས་ཅན་སྨིན་དང་གྲོལ་གྱུར་བའི། །སྐལ་ལྡན་གདུལ་བྱའི་རྒྱལ་པོ་ཁྱོད། །ད་ལྟ་བོད་ཡུལ་དབུས་སུ་སོང་། །བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས། །སྤོས་ཀྱི་ཤིང་རྣམས་རྒྱས་པའི་ས། །སྨན་སྣ་ཚོགས་སྐྱེས་པའི་རི་མགུར་ན། སྐལ་ལྡན་གདུལ་བྱ་སྣོད་ལྡན་ཡོད། །ཁྱོད་དེ་རུ་སོང་ལ་འགྲོ་དོན་སྒྲུབས། །ཁྱོད་ཀྱི་སྐུ་དོན་གྲུབ་ནས་མཆི། །སྐྱེ་བ་འདི་ཉིད་འདས་འགྱུར་ནས། །མཉམ་ཉིད་བདེ་བ་ཆེན་པོའི་གནས། །འོད་གསལ་གྱི་ངང་དུ་མཇལ་བར་བགྱི། །ཞེས་གསུངས་པ་དང་།  རྗེ་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་ཀྱང་བྱིན་ཆེན་བརྩིས་ནས་བཀའ་བབ་བཞིའི་བརྒྱུད་པའི་ལུང་རྟོགས་ཀྱི་བསྟན་པ་འདི་གངས་ཅན་ཞིང་དུ་སྤྱན་དྲངས་པ་ནས་བཟུང་སྟེ། ལུང་རྟོགས་ཀྱི་བསྟན་པ་འདི་འཛིན་པའི་སྐྱེས་བུ་དམ་པ་རྣམས་དགོན་པ་དང་། བྲག་ཕུག། ལྗོན་ཤིང། དུད་ཁྲོད། གྲོང་ཁྱེར་སོགས་ཡུལ་དུས་གནས་སྐབས་གང་དུ་བཞུགས་པའི་ཡུལ་དེར་བཀའ་བརྒྱུད་ཀྱི་བསྟན་པ་དར་བ་ཡིན། མར་པའི་ལུང་རྟོགས་ཀྱི་བསྟན་པ་ལ་ཐོས་པས་སྒྲོ་འདོགས་ཆོད་པ་ཙམ་ཡང་མེད་པར་མགོ་ལུས་རྐང་གསུམ་གོས་ཆེན་གྱིས་བཏུམས་ཤིང་འཁོར་བརྒྱ་ཕྲག་གི་བསྐོར་བའི་བླ་མ་ཞིག་ཡིན་ཀྱང་བཀའ་བརྒྱུད་ཀྱི་བསྟན་འཛིན་ག་ལ་ཡིན། ནཱ་རོ་པས་ལུང་བསྟན་པ་ལྟར་མར་པས་ཀྱང་བཀའ་བརྒྱུད་ཀྱི་བསྟན་པ་ཞེས་ལན་མང་གསུངས་པ་ལས་འདིར་ལྔ་བགྲང་བར་བྱ་སྟེ། རྗེ་མར་པའི་མགུར་ལས། ཁོ་བོའི་བུ་སློབ་བརྒྱུད་བཅས་རྣམས། །ཟླ་བ་ཡར་གྱིས་ངོ་བཞིན་དུ། །གོང་ནས་གོང་དུ་འཕལ་རྒྱས་པས། །བཀའ་བརྒྱུད་ཀྱི་བསྟན་པ་དར་རྒྱས་འབྱུང་། །ཞེས་གསུངས་པ་དང་། མར་པས། ང་ནཱ་རོ་པཎ་ཆེན་གྱི་བུ་བརྒྱུད་འདི་རྟེན་འབྲེལ་ལ་མངའ་བསྙེས་པ་ཡིན་ཞིང་། བཀའ་བརྒྱུད་ཀྱི་བསྟན་པ་ལ་པཎ་ཆེན་ནཱ་རོའི་ལུང་བསྟན་བཟང་པོ་ཡང་ཡོད། ཅེས་གསུངས་པ། མི་ལ་རས་པའི་རྨི་ལམ་ལ་མར་པས་འགྲེལ་བཤད་མཛད་པ་ལས། འཛམ་གླིང་བྱང་ཕྱོགས་ས་སྟེང་དེ། །བོད་ན་དར་བའི་ཐུབ་བསྟན་ཡིན། །དེ་སྟེང་གངས་རི་ཆགས་པ་དེ། །ཕ་རྒན་མར་པ་ལོ་ཙྰ་དང་། །བཀའ་བརྒྱུད་ཡོངས་ཀྱི་བསྟན་པ་ཡིན། །ཞེས་སོགས་ནས། བྱ་ཕྲན་གྱིས་ནམ་མཁའ་གང་བ་དེ། །བཀའ་བརྒྱུད་ཀྱི་བསྟན་པ་དར་བ་ཡིན། །ཞེས་གསུངས། ངའི་བཀའ་བརྒྱུད་ཀྱི་ཕ་རབས་ཀྱི་འབུངས་ཤིག་འགྲོ་དོན་འཕེལ་བར་ཡོང་ངོ་། །ཞེས་གསུངས་པ་ལྟར། རྗེ་མར་པས་ཀྱང་ཆོས་བརྒྱུད་ཀྱི་ཐ་སྙད་འདི་ལ་བསྲེས་ལྷད་སྦྱར་ནས། སྒྲུབ་བརྒྱུད་དང་། དོན་བརྒྱུད། དཀར་བརྒྱུད་ཅེས་བྲིས་པ་ནི་ལོ་རྒྱུས་གསེར་གྱི་རྡོ་རིང་ལ་རག་གི་ལྷན་པར་སྦྱར་བ་ཙམ་ལས་དོན་སྙིང་ཅི་ཡང་མ་མཐོང་ངོ་། །

གཉིས་པ།  བཀའ་བརྒྱུད་པའི་ལོ་རྒྱུས་སྨྲ་བ་འགའ་ཤས་ཀྱིས་མར་པ་རིན་པོ་ཆེ་ཞལ་བཞུགས་དུས་ལྷོ་བྲག་ལུང་པ་ལ་ཅོ་བློ་གྲོས་དང་། པོ་བློ་གྲོས་ཞུས་པ་ཙམ་ལས་མཚན་སྙན་ཆེན་པོ་མེད་པས་དགོན་པ་བཏབ་ཐུབ་མེད་པར་འདོད་ནས། བཀའ་བརྒྱུད་པའི་དགོན་པ་དང་པོ་དྭགས་པོའི་དགོན་པ་ཡིན་ཚུལ་གསུངས་པ་འཐད་ལྡན་མ་མཐོང་སྟེ། བཀའ་བརྒྱུད་བསྟན་པའི་སྲོལ་འབྱེད་ལྷོ་བྲག་མར་པས་དགོན་པ་བཏབ་པའི་ལོ་དུས་ཡིད་ཆེས་འོས་པ་ཞིག་རྙེད་དཀའ་བ་ནི་དོན་དངོས་ཡིན་ཀྱང་། རྗེ་མར་པས་གྲོ་བོ་ལུང་ལ་དགོན་པ་བཏབ་ཡོད་པ་ཡང་དོན་དངོས་ཡིན་ཚུལ་ལུང་གིས་སྒྲུབ་པ་དང་། དཔེ་ཉེར་འཇལ་གྱི་གཏན་ཚིགས་རིགས་པས་སྒྲུབ་པ་གཉིས་ལས། དང་པོ་ལུང་གིས་སྒྲུབ་པ་ནི། རྗེ་མར་པས་བདེ་མཆོག་ལྷ་ལྔའི་སྒྲུབ་ཐབས་ཀྱི་མཇུག་བྱང་ལས། དེས་ཁོ་བོ་མར་པ་ལ་བྱང་པུཥྤ་ཧ་རིར་གནང། །མ་བསྐྱེད་མ་འཕྲི་བར་གྲོ་བོ་ལུང་གི་དགོན་པར་བྲིས་པ་རྫོགས་སོ། །ཞེས་གསུངས་པ་དང་། བདེ་མཆོག་ལྔ་བཅུ་རྩ་གསུམ་གྱི་སྒྲུབ་ཐབས་ཀྱི་མཇུག་བྱང་ལས། དཔལ་གྲོ་བོ་ལུང་གི་དགོན་པར་བྲིས་སོ། །ཞེས་དང་། མར་པས་བདེ་མཆོག་དྲུག་ཅུ་རྩ་གཉིས་པའི་སྒྲུབ་ཐབས་ཀྱི་མཇུག་བྱང་ལས། ཁོ་བོ་མར་པ་བྷུ་ཏི་ལ་བྱང་པུཥྤ་ཧ་རིར་གནང། གྲོ་བོ་ལུང་གི་དགོན་པར་མ་བསྐྱེད་མ་འཕྲི་བར་བྲིས་པའོ། །ཞེས་པ་དང་། མར་པས་ཐུན་མོང་མ་ཡིན་པའི་དམ་ཚིག་བརྒྱད་པའི་མཇུག་བྱང་ལས། མར་པ་ཆོས་ཀྱི་བློ་གྲོས་ཀྱིས་ཉེ་བར་མཁོ་བའི་ཆེད་དུ་གྲོ་བོ་ལུང་གི་དགོན་པར་བཀོད་པའོ། །ཞེས། རྗེ་མར་པ་སྐུ་ཉིད་ཀྱིས་གསུང་རྩོམ་གྱི་མཇུག་བྱང་དུ་བྲིས་པ་འདི་དུས་རབས་ཉེར་གཅིག་པའི་ཉམས་ཞིབ་པ་ཚད་ལྡན་ཞིག་གིས་བལྟས་ན། འདི་ནི་བདེན་དཔང་ཀུན་གྱི་དང་པོ་ཡིན་ལ། ཁུངས་བཙན་བའི་དཔང་བརྟགས་ཀྱི་རྡོ་རི་ཆེན་པོ་འདི་ལས་ལྷག་པ་ཞིག་གསེར་གྱི་ཞུན་མ་ཁུར་ནས་སྲིད་རྩེའི་བར་དུ་ཉུལ་ཡང་རྙེད་ཐབས་མེད་པ་ཞིག་ཡིན། གཉིས་པ་དཔེ་ཉེར་འཇལ་གྱི་གཏན་ཚིགས་རིགས་པས་སྒྲུབ་པ་ལ། དམིགས་ཡུལ། མི་གཤིས། འབྱོར་བ། དུས་རབས་ཀྱི་རྐྱེན་དང་བཞི་ལས། 

དང་པོ་དམིགས་ཡུལ། རྗེ་མར་པ་ནྭ་རོ་པ་དང་མི་ཏྲེ་པ་སོགས་ཀྱི་ཞལ་ལས་གདམས་ངག་ལ་ཐོས་བསམ་སྒོམ་གསུམ་བྱས་དུས་ནས། ཁོང་གཅིག་པུས་ཉམས་ལེན་བྱེད་པ་ཙམ་མ་ཡིན་པ་བསྟན་པ་འདི་བོད་དུ་དར་སྤེལ་བྱ་རྒྱུའི་དམིགས་ཡུལ་ཆེན་པོ་འཛིན་ཡོད་པ་དང་། པཎ་ཆེན་ནྭ་རོ་པས་ཀྱང་བཀའ་བབ་བཞིའི་བསྟན་པ་འདི་མར་པ་ལོ་ཙྭ་བས་བོད་དུ་དར་སྤེལ་བྱ་བའི་ལས་འཕྲོ་ཡོད་ཚུལ་ལུང་ཡང་བསྟན་པར་མཛད། བླ་སློབ་གཉིས་ཀས་བཀའ་བརྒྱུད་ཀྱི་བསྟན་པ་འདི་སྒེར་གྱི་བདག་གིར་བཟུང་བ་ཙམ་མ་ཡིན་པར་བོད་དུ་སྤེལ་རྒྱུའི་དམིགས་ཡུལ་རླབས་ཆེན་བཅང་བའི་ཚུལ་འདི་ལ་བལྟས་ན། བསྟན་པའི་གཞི་མ་དགོན་པ་ཞིག་བཏབ་ངེས་ཅན་ཡིན་པར་དཔག་ཐུབ་པའོ། །

གཉིས་པ་མི་གཤིས། རྗེ་མར་པ་ཆུང་དུས་ནས་ཐུགས་གཤིས་གྱོང་པོ་ཞིག་ཡོད་པ་ནི་ཁོང་ལ་འགྲན་རྩོད་བྱེད་མཁན་ཡོད་ན། འགྲན་རྩོད་ལས་རྣམ་པར་རྒྱལ་བར་བྱ་ངེས་ཅན་གྱི་གཤིས་ཀ་ཞིག་ཡོད་པས། རྒྱ་གར་ལ་བཞུགས་དུས་ནས་གཉོས་ལོ་ཙྭ་བ་དང་འགྲན་རྩོད་བྱས་ནས་གཉོས་ལས་ལྷག་པའི་དཀའ་སྤྱད་འབད་བརྩོན་གནང་བ་སོགས་ལ་དཔག་ན། མར་པ་བོད་དུ་ཕྱིར་ཕེབས་ནས་བཀའ་བརྒྱུད་ཀྱི་བསྟན་པ་འདི་དར་སྤེལ་ཕྱིར་ཏུ་འཁོར་གདུལ་བྱ་སྐྱོང་བ་ཙམ་དུ་མ་ཟད་བསྟན་པའི་གཞི་མ་དགོན་པ་བཏབ་ངེས་པར་ཚོད་དཔག་བྱེད་ཐུབ་པའོ། ། 

གསུམ་པ་འབྱོར་བ། རྗེ་མར་པ་དགུང་ལོ་དྲུག་བཅུ་རེ་དགུ་སོན་པའི་ཕྱི་ལོ་1077 ལོར་རྗེ་མི་ལ་རས་པས་མར་པ་འཇལ་ཚུལ་རྣམ་ཐར་ལས་བཤད་པ་ལ་གཞི་བཞག་ནས་དཔྱད་ན། མར་པའི་དགོན་པ་བཏབ་པའི་ལོ་དུས་ཇི་སྲིད་ཕྱིས་པའི་དབང་དུ་བྱས་ཀྱང་། མི་ལ་རས་པ་བྱོན་པའི་ལོ་དུས་འདིར་མར་པས་གྲོ་བོ་ལུང་ལ་དགོན་པ་བཏབ་ཡོད་དེ། རྔོག་ཆོས་རྡོར་སོགས་འབུལ་བ་ཕུལ་མཁན་སློབ་ཚོགས་རྒྱས་ཤིང་འགལ་རྐྱེན་དང་བྲལ་ཞིང་མཐུན་རྐྱེན་མི་རྒྱུ་ཟོག་གསུམ་ཚང་ཡོད་པས་དགོན་པ་བཏབ་ངེས་ཅན་ཡིན་པར་ཚོད་དཔག་བྱེད་ཐུབ་པའོ། །

བཞི་པ་དུས་རབས། རྗེ་མར་པ་བོད་དུ་བྱོན་པའི་དུས་རབས་དེར་འབྲོག་མི་ལོ་ཙྭ་བས་མྱུ་གུ་ལུང་གི་དགོན་པ་བཏབ་པ་དང་། འབྲོམ་སྟོན་པས་ར་སྒྲེང་དགོན་པ་བཏབ་པ། རྔོག་ལོ་ཙྭ་བས་གསང་ཕུ་དགོན་པ་བཏབ་པ་སོགས་དགོན་པ་བཏབ་པའི་སྲོལ་དར་བཞིན་པའི་སྐབས་ཡིན་པ་དང། མར་པ་ནི་ཀུན་ལས་རྣམ་པར་རྒྱལ་བའི་འདུན་པ་ཡོད་མཁན་ཞིག་ཡིན་པ། མར་པའི་ཞལ་དྲོན་མོ་ནས་གྲོ་བོ་ལུང་གི་དགོན་པར་བྲིས་ཞེས་ལན་མང་གསུངས་ཡོད། བཀའ་བརྒྱུད་བསྟན་པའི་སྲོལ་འབྱེད་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་ཕྱག་བཏབ་པའི་གྲོ་བོ་ལུང་གི་དགོན་པ་འདི་བཀའ་བརྒྱུད་པའི་དགོན་གྱི་ཐོག་མ་དེ་ཡིན།

བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ལ་དཔྱད་པ།  འཇིག་རྟེན་ཆུང་ཆུང་འདི་འགྲོ་བ་མི་རྣམས་འདྲ་མཉམ་གྱི་འཚོ་གནས་མི་ཐུབ་པར་གྱུར་བའི་འགལ་རྐྱེན་ཆེན་ཤོས་ནི་ཆེ་ཆུང་ཞེས་པའི་ཚིག་འབྲུ་གཉིས་པོ་འདི། ཆབ་སྲིད་པ་དང་ཆོས་པ་གཉིས་ཀས་གཞན་རང་གི་འོག་ཏུ་འདུས་པའི་ཐབས་ཇུས་ཡག་ཤོས་ཤིག་ལ་བེད་སྤྱོད་བྱས་ཡོད། བོད་པའི་དཔོན་པོ་དང་། བླ་ཆེན་རྣམས་ཀྱིས་མིང་ཚིག་འདིའི་འོག་ཏུ་མ་འདུས་པའི་དཔོན་པོ་དང་བླ་མ་རྣམས་སྲོག་བཅད་པ་དང་། ཡུལ་ལུང་བཅོམ་པ། དགོན་པ་གཏོར་བ་སོགས་སྐྱུག་བྲོ་བའི་ལོ་རྒྱུས་མང་པོ་ཡོད། ལྷག་པར་དུ་བླ་མ་རྣམས་ཀྱིས་སོག་པོའི་རྒྱལ་པོ་ལ་གསེར་དངུལ་སྤྲད་ནས་ཉོས་ཡོང་བའི་མིང་དེ་བོད་མི་ཡིག་རྨོངས་རྣམས་ལ་བསྒྲགས་ནས། ཆེ་འོག་ཆུང་འདུས་ཀྱི་ལས་འགུལ་འོག་ལ་སྲོག་ཤོར་བ་དང་རྒྱུ་ནོར་ཤོར་བ་མང་དུ་བྱུང་ཡོད། བཀའ་བརྒྱུད་པའི་ཆོས་ལུགས་འདི་ཡང་དར་ནས་ལོ་གསུམ་བརྒྱ་ལྷག་གི་རྗེས་སུ། ཆེ་བཞི་ཆུང་བརྒྱད་ཟེར་བའི་མིང་འདི་སྟག་ལུང་ཞབས་དྲུང་དང་ཀམ་ཚང་གི་འཇམ་བཟང་གཉིས་སུས་སྔོན་ལ་བྲིས་ཡོད་མེད་གནད་འགག་མིན། གནད་འགག་ནི་ཆེ་ཆུང་ཞེས་པའི་ཚིག་འདི་ཞྭ་དམར་པ་དང་། ཀོང་སྤྲུལ་སོགས་ཀྱིས་བེད་སྤྱོད་ཡང་ནས་ཡང་དུ་བྱས་ཡོད། བོད་པ་རྒྱ་གར་ལ་བཙན་བྱོལ་དུ་སླེབས་དུས་ཀམ་ཚང་གིས་ཆེ་བཞི་ཆུང་བརྒྱད་ཅེས་པའི་ཚིག་འདི་སྐད་རིགས་མང་པོ་ལ་བསྒྱུར་ནས་བསྒྲགས་གཏམ་སྤེལ་བའི་དམིགས་ཡུལ་ལ་དཔྱད་ན། ཆེན་པོ་ཞེས་པ་ཚིག་འདིའི་འོག་ནས་བཀའ་བརྒྱུད་པ་གཞན་རྣམས་ནུས་མེད་དུ་བཟོ་བའི་ཐབས་ཇུས་འཚོལ་ཡོད་པར་རྟོགས་ཐུབ་ཀྱིན་ཡོད། ཆེ་ཆུང་གི་ཚིག་འདི་བཀའ་བརྒྱུད་པ་ནང་ལ་རྙོག་དྲ་བསླངས་རྐྱེན་གཙོ་བོ་ཡིན་པས་ཚིག་འདི་བཀོལ་སྤྱོད་བྱ་རྒྱུ་མཚམས་འཇོག་ངེས་པར་བྱ་དགོས། ཀམ་ཚང་གི་ལོ་རྒྱུས་འཆད་ཁྲིད་པ་དག་གིས་བཀའ་བརྒྱུད་པའི་བླ་མ་རྣམས་ཀྱིས་གདན་ས་ཕྱག་བཏབ་སྔ་ཕྱིའི་སྒོ་ནས་ཆེ་བཞི་ཆུང་བརྒྱད་ཟེར་བ་ཡིན་ཞེས་གསུངས་པ་འདི་ཡང་ནོར་འཁྲུལ་ཆེན་པོ་ཡིན་པར་སྒྲུབ་བྱེད་བཤད་པར་བྱ་སྟེ།

དང་པོ། མར་པ་བཀའ་བརྒྱུད་ནི། ཕྱི་ལོ་1077 ལོར་ལྷོ་བྲག་གྲོ་བོ་ལུང་ལ་དགོན་པ་བཏབ་པའི་ལོ་དུས་ལ་ཆ་བཞག་ནས་བརྩིས་ན་བཀའ་བརྒྱུད་པའི་གདན་ས་དང་པོ་ནི་གྲོ་བོ་ལུང་དགོན་པ་ཡིན། འདི་ཇི་སྲིད་ཕྱིས་པའི་དབང་དུ་བྱས་པ་ཡིན། 

གཉིས་པ། ཤངས་པ་བཀའ་བརྒྱུད་ནི། མཁས་གྲུབ་ཁྱུང་པོས། དགོན་པ་བཏབ་པའི་ལོ་དུས་མི་མཐུན་པ་མང་ཡང་མར་པའི་དགོན་པ་དང་དུས་རབས་གཅིག་ཡིན་པར་ཚོད་དཔག་ཐུབ་པས་འདི་གདན་ས་གཉིས་པ་ཡིན།

གསུམ་པ། དྭགས་པོ་བཀའ་བརྒྱུད་ནི། སྒམ་པོ་པས། ཕྱི་ལོ་1121 ལོར་དྭགས་ལྷ་སྒམ་པོ་ལ་དགོན་པ་བཏབ་པ་འདི་གདན་ས་གསུམ་པ་ཡིན། འདི་མར་ཤངས་གཉིས་ལས་ལོ་(45) ཕྱི་བ་ཡོད། དགོན་སྔ་ཕྱི་ཡིན་ན་འདི་གསུམ་ཆེ་བ་ཡིན།

བཞི་པ། འབལ་རོམ་བཀའ་བརྒྱུད་ནི། འབའ་རོམ་པས། ཕྱི་ལོ་1153 ལོར་འབལ་རོམ་དགོན་པ་བཏབ་པ་འདི་གདན་ས་བཞི་པ་ཡིན། འདི་དྭངས་པོ་ལས་ལོ (33) ཕྱི་བ་ཡོད།

ལྔ་པ། ཕག་གྲུ་བཀའ་བརྒྱུད་ནི། ཕག་གྲུ་པས། ཕྱི་ལོ་1158 ལོར་ཕག་གྲུ་དགོན་པ་བཏབ་པ་འདི་གདན་ས་ལྔ་པ་ཡིན། འདི་འབལ་རོམ་ལས་ལོ་ (5) ཕྱི་བ་ཡོད། 

དྲུག་པ། ཀམ་ཚང་བཀའ་བརྒྱུད་ནི། དུས་གསུམ་མཁྱེན་པས། ཕྱི་ལོ་1164 ལོར་ཀམ་དགོན་བཏབ་པ་ནས་བརྩིས་ན། ཕག་གྲུ་ལས་ལོ་ (6) ཕྱི་བ་ཡིན། ཕྱི་ལོ་1189 ལོར་ཚུལ་ཕུ་དགོན་པ་བཏབ་པ་འདི་གདན་ས་དྲུག་པ་ཡིན། ཚུལ་ཕུ་ནས་བརྩིས་ན་ཕག་གྲུ་ལས་ལོ་(31) ཕྱི་བ་ཡོད། 

བདུན་པ། སྨར་ཚང་བཀའ་བརྒྱུད་ནི། སྨར་པས། ཕྱི་ལོ་1167 ལོར་སྨར་ཁམས་ལ་ཤོ་དགོན་བཏབ་པ་འདི་གདན་ས་བདུན་པ་ཡིན། འདི་ཀམ་དགོན་ལས་ལོ་(3) ཕྱི་བ་ཡོད། ཚུལ་ཕུ་ལས་ལོ་ (22) སྔ་བ་ཡོད། འགྲོ་མགོན་རིན་ཆེན་གྱིས་ཕྱི་ལོ་1200 ལོར་ཙོམ་མདོ་དགོན་པ་བཏབ།

བརྒྱད་པ། ཡེལ་པ་བཀའ་བརྒྱུད་ནི། ཡེལ་པས། ཕྱི་ལོ་1171 ལོར་ཡེལ་ཕུག་དགོན་པ་བཏབ་པ་འདི་གདན་ས་བརྒྱད་པ་ཡིན། འདི་ཤོ་དགོན་ལས་ལོ་(4) ཕྱི་བ་ཡོད། 

དགུ་པ། ཁྲོ་ཕུ་བཀའ་བརྒྱུད་ནི། རིན་ཆེན་མགོན་གྱིས། ཕྱི་ལོ་1171 ལོར་ཁྲོ་ཕུ་དགོན་པ་བཏབ་པ་འདི་གདན་ས་དགུ་པ་ཡིན། འདི་དང་ཡེལ་པ་གཉིས་དུས་མཉམ་ཡིན།

བཅུ་པ། ཚལ་པ་བཀའ་བརྒྱུད་ནི། བླ་མ་ཞང་གིས། ཕྱི་ལོ་1175 ལོར་ཚལ་གུང་ཐང་དགོན་པ་བཏབ་པ་འདི་གདན་ས་བཅུ་པ་ཡིན། འདི་ཁྲོ་ཕུ་ལས་ལོ་(4) ཕྱི་བ་ཡོད། དགོན་པ་སྔ་ཕྱི་ཡིན་ན་འདི་ཆེ་བ་མིན།

བཅུ་གཅིག་པ། འབྲི་གུང་བཀའ་བརྒྱུད་ནི། འབྲི་གུང་སྐྱོབས་པས། ཕྱི་ལོ་1179 ལོར་འབྲི་གུང་དགོན་པ་བཏབ་པ་འདི་གདན་ས་བཅུ་གཅིག་པ་ཡིན། འདི་ཚལ་གུང་ཐང་དགོན་པ་ལས་ལོ་(4) ཕྱི་བ་ཡོད། 

བཅུ་གཉིས་པ། སྟག་ལུང་བཀའ་བརྒྱུད་ནི། སྟག་ལུང་ཐང་པས། ཕྱི་ལོ་1180 ལོར་བྱང་ལུང་དགོན་པ་བཏབ་པ་འདི་གདན་ས་བཅུ་གཉིས་པ་ཡིན། འདི་འབྲི་གུང་ལས་ལོ་(1) ཕྱི་བ་ཡོད། 

བཅུ་གསུམ་པ། ཤུག་གསེབ་བཀའ་བརྒྱུད་ནི། ཚུལ་ཁྲིམས་སེང་གེ་པས། ཕྱི་ལོ་1181 ལོར་ཤུག་གསེབ་དགོན་པ་བཏབ་པ་འདི་གདན་ས་བཅུ་གསུམ་པ་ཡིན། འདི་སྟག་ལུང་ལས་ལོ (1) ཕྱི་བ་ཡོད།

བཅུ་བཞི་པ། འབྲུག་པ་བཀའ་བརྒྱུད་ནི། གཙང་པ་རྒྱ་རས་པས། ཕྱི་ལོ་1193 ལོར་འབྲུག་དགོན་པ་བཏབ་པ་འདི་གདན་ས་བཅོ་ལྔ་པ་ཡིན། །འདི་ཤུག་གསེབ་ལས་ལོ (12 ཕྱི་བ་ཡོད།

བཅོ་ལྔ་པ། གཡའ་བཟང་བཀའ་བརྒྱུད་ནི། གཡའ་བཟང་པས། ཕྱི་ལོ་1206 གཡའ་བཟང་དགོན་པ་བཏབ་པ་འདི་གདན་ས་བཅུ་བཞི་པ་ཡིན། འདི་ཤུག་དགོན་ལས་ལོ་ (13) ཕྱི་བ་ཡོད། ལོ་དུས་འདི་དུང་དཀར་ཚིག་མཛོད་གཞི་བཟུང་ནས་བཀོད་ཡོད། བཀའ་བརྒྱུད་ཀྱི་དགོན་པ་བཏབ་སྔ་ཕྱི་ཡིན་ཞེས་ཁ་ནས་བཤད་པ་ཙམ་ལས་ལོ་དུས་དང་བསྟུན་ནས་བཀའ་བརྒྱུད་ཀྱི་ལོ་རྒྱུས་གོང་འོག་སྒྲིག་མི་ཕོད་པའི་སྡར་མ་མང་དུ་མཐོང་ངོ་། ། 

སྨར་ཀ་གཉིས་སྔ་ཕྱི་ལ་དཔྱད་པ། སྨར་པ་དང་དུས་མཁྱེན་གཉིས་ཁམས་ལ་བཞུགས་དུས་ནས་བླ་མ་ཨ་སེང་དང་བླ་མ་རྒ་ལོ་གཉིས་ལས་ཆོས་ཞུས་མྱོང་བ་མཉམ་པ་ཡིན། སྨར་པ་དང་དུས་མཁྱེན་གཉིས་དབུས་ཀྱི་གསང་ཕུ་ནེའུ་ཐོག་གི་བླ་མ་ཕྱྭ་བ་ཆོས་ཀྱི་སེང་གེ་ལས་བཀའ་གདམས་པའི་ཆོས་ཞུས་མྱོང་བ་མཉམ་པ་ཡིན། སྨར་པས་མར་པ་ལོ་ཙྭ་བའིི་ཀ་ཆེན་རྔོག་ཆོས་སྐུ་རྡོ་རྗེའི་ཐུགས་སྲས་རྔོག་མདོ་སྡེའི་ཞལ་ལས་མར་ལུགས་ཀྱི་རྡོ་རྗེ་གུར་དང་། རྩ་རྒྱུད་བརྟག་གཉིས། སང་བྷུ་ཊ་སོགས་རྒྱུད་སྡེ་རྣམས་དང་ནྭ་རོ་ཆོས་དྲུག་སོགས་ལོ་གསུམ་དང་ཕྱེད་ཙམ་ལ་གསན་པར་མཛད། དུས་གསུམ་མཁྱེན་པས་མར་པ་ལོ་ཙྭ་བའི་ཀ་ཆེན་མི་ལ་བཞད་པ་རྡོ་རྗེའི་ཐུགས་སྲས་སྒམ་པོ་པའི་ཞལ་ལས་མར་ལུགས་ཀྱི་ཆོས་རྣམས་གསན་པར་འཛད། སྨར་པ་དང་དུས་མཁྱེན་གཉིས་ཀྱིས་ཆོས་ཞུ་ཡུལ་བླ་མ་བརྒྱུད་པ་གཉིས་སྔ་ཕྱི་འདྲ་མཉམ་ཡིན་པས་ སྨར་ཀ་གཉིས་ཀྱི་བླ་མ་བརྒྱུད་པ་སྔ་ཕྱི་དང་ཆེ་ཆུང་ཇི་ལྟར་འཇོག་དགོས་སམ།

རྔོག་སྒམ་གཉིས་ཀྱི་ལོ་དུས་ལ་དཔྱད། རྔོག་མདོ་སྡེ་ཕྱི་ལོ་1078 ལོར་སྐུ་འཁྲུངས་པ་དང་། སྒམ་པོ་པ་ཕྱི་ལོ་1079 ལོར་སྐུ་འཁྲུངས་པའི་བླ་མ་འདི་གཉིས་རྔོག་མདོ་སྡེ་ལོ་གཅིག་ཆེ་བ་དང་སྒམ་པོ་པ་ལོ་གཅིག་ཆུང་བ་ཡིན།  བླ་མ་འདི་གཉིས་འདས་པའི་ལོ་དུས་ལ་དཔྱད་ན་སྒམ་པོ་པ་འདས་ནས་ལོ་བཅུ་གསུམ་རྗེས་སུ་རྔོག་མདོ་སྡེ་འདས་པ་ཡིན། ཇི་ལྟར་ཡིན་ཞེ་ན། སྒམ་པོ་པ་ཕྱི་ལོ་1153 ལོར་དགུང་ལོ་བདུན་ཅུ་རྩ་བཞི་ལ་སྐུ་གཤེགས་པ་དང་།  རྔོག་མདོ་སྡེ་ཕྱི་ལོ་1166 ལོར་དགུང་ལོ་བརྒྱ་ཅུ་གྱ་བརྒྱད་ལ་སྐུ་གཤེགས། བརྒྱུད་པའི་བླ་མ་འདི་གཉིས་སྔ་ཕྱི་ཇི་ལྟར་འཇོག་དགོས་སམ།

སྨར་ཀ་གཉིས་འཆད་ཉན་སྔ་ཕྱི་ལ་དཔྱད་ན། སྨར་པས་གདན་ས་ཤོ་དགོན་བཏབ་ནས་གསང་ཕུ་ནེའུ་ཐོག་གི་དགོངས་པ་ལྟར་གཞུང་ཆེན་པོར་འཆད་ཉན་དང་། མར་རྔོག་གི་དགོངས་དོན་ལྟར་སྔགས་ཀྱི་འཆད་ཉན་དར་རྒྱས་འགྲོ་བཞིན་པའི་དུས་སྐབས་དེར།  དུས་གསུམ་མཁྱེན་པས་ཀམ་པོ་གནས་ལ་དགོན་པ་བཏབ་པ་དང་། ཀརྨ་དགོན་པ་བཏབ་ནས་གསང་སྔགས་ཉམས་ལེན་པ་ཙམ་ལས་གཞུང་ཆེན་ལ་འཆད་ཉན་བྱེད་པའི་བཤད་གྲྭ་ཆེན་པོར་གྱུར་པའི་ལོ་རྒྱུས་ཚད་ལྡན་ཞིག་མེད་ལ།  ཤོ་དགོན་བཏབ་པའི་ལོ་དུས་ནས་བཟུང་ལོ(22 )རྗེས་སུ་དུས་མཁྱེན་པས་ཚུལ་ཕུ་དགོན་པ་བཏབ་ནས་རིམ་བཞིན་ཀམ་ཚང་གིས་གཞུང་ཆེན་པོ་ལ་འཆད་ཉན་གྱི་འགོ་འཛུགས་པའི་ཚུལ་འདི་ལ་དཔག་ན། སྨར་ཚང་གི་བསྟན་པ་འདི་ཀམ་ཚང་ལས་དར་རྒྱས་སྔ་བ་ཡོད་པར་མངོན་པས་ཆེ་ཆུང་ཇི་ལྟར་འཇོག་དགོས་སམ།

སྨར་ཀ་གཉིས་ཁྱབ་ཆེན་པོ་གྱུར་སྔ་ཕྱི་ལ་དཔྱད།  ཆོས་རྗེ་སྨར་པ་ནས་བཟུང་སྤང་མཁན་ཆེན་གྱི་བར་སྨར་ཚང་གི་བསྟན་པ་འདི་མདོ་ཁམས་སྒང་དྲུག་ནས། རྒྱ་ནག མངའ་རིས། འབྲས་ལྗོངས། བལ་ཡུལ། རྒྱ་གར། ལི་ཡུལ། སོག་པོ། ཨ་མདོ་སོགས་ལ་དབྱར་གྱི་ཆུ་བོ་ལྟར་འཕེལ་རྒྱས་གྱུར་བཞིན་པའི་དེའི་ཚེ་དེའི་དུས་ན། ཀམ་ཚང་གི་བསྟན་པ་ནི་སྨར་ཚང་བཀའ་བརྒྱུད་ཀྱི་བསྟན་པ་ལྟ་བུ་ཁྱབ་ཆེན་པོར་གྱུར་མེད་པས་ཆེ་ཆུང་ཇི་ལྟར་འཇོག་དགོས་སམ།

ཀམ་ཚང་གི་བྱ་བ་ལ་དཔྱད་པ། སྤང་མཁན་ཆེན་གྱི་རྣམ་ཐར་འགྲོ་བློ་མུན་སེལ་ལས། ཆོས་རྗེ་ཀརྨ་པ་རོལ་བའི་རྡོ་རྗེ་རྒྱ་ནག་ནས་ཡར་ལ་བྱོན་དུས། བར་ཐག་ནས་ཕར་བྱོན་པ་དང་དུས་བྱེད་པ་བཞིན་དུ་མཇལ་བའི་རྟེན་འབྲེལ་ཡིན་པས་འདུག་གསུང་ནས། ཁོ་རང་གིས་ན་བཟའ་གསོལ། འོད་ཟེར་བླ་མ་ལ་ཁྲི་ཡང་ཕུལ། ཕྱག་རྒྱ་ཆེན་པོ་ལྷན་གཅིག་སྐྱེ་སྦྱོར་དང༌། བར་དོ་འོད་གསལ་ངོས་འཛིན་ལུགས་དང༌། བསྲེ་བ་ནང་སྐོར་གྱིས་ཕྲ་རགས་ཐམས་ཅད་འཁོར་འདས་ཀྱིས་ཆོས་སྤྱིའི་གནས་ལུགས་མང་དུ་ཞུ། ཕྱག་འཚལ་ནས་དག་པའི་ཞིང་ཁམས་སུ་མཇལ་བའི་སྨོན་ལམ་མང་དུ་བཏབ་ཅིང༌། ཞེས་གསུངས་པ་འདི་དང་། རྣམ་ཐར་དེ་ཉིད་ལས། འབྲུག་ལོ་ཟླ་བ་དང་པོ་དོལ་དཀར་དུ་བྱོན་ནས་བུ་ཆེན་ཀརྨ་པ་རོལ་པའི་རྡོ་རྗེ་དབུ་མཛད་པའི་དཀོན་མཆོག་རྒྱལ་མཚན་ལ་སོགས་པའི་སྟོད་སྨད་ཀྱི་བུ་ཆེན་རྣམས་ལ་ཡི་གེ་བཏང༌། ཞེས་གསུངས་ཡོད་ཀྱང་། ཀམ་ཚང་གིས་བླ་མའི་གོ་ས་དེ་སློབ་མ་ལ་བསྒྱུར་ནས་སྤང་མཁན་ཆེན་འདི་རོལ་པའི་རྡོ་རྗེའི་སློབ་མའི་གྲལ་དུ་བགྲང་བ་ནི་བཟང་སྤྱོད་ལས་འདས་ཡོད།  ཀམ་ཚང་བླ་མ་དཔའ་བོས་ཕྱི་ལོ་1545 ལོར་ཆོས་འབྱུང་མཁན་པའི་དགའ་སྟོན་བྲིས་ཟིན་ནས། ཕྱི་ལོ་1629 ལོར་སོག་པོ་གུ་ཤི་ཡིས་སྨར་ཁམས་སུ་ཤོ་ཙོམ་གཉིས་ལ་དམག་སྒར་བྱས་པའི་བརལོ་དགུ་བཅུ་གོ་བཞིའི་རིང་ལ་སྨར་ཚང་གི་བསྟན་པ་དར་རྒྱས་གྱུར་བའི་སྐབས་ཡིན་ཀྱང། དཔའ་བོས་ཆོས་འབྱུང་གི་ནང་ལ་མ་བྲིས་པ་འདི་ལ་དཔྱད་ན། དང་པོ་དཔའ་བོས་ཡོངས་གྲགས་ཀྱི་ལོ་རྒྱུས་ཙམ་ཡང་མཁྱེན་རྒྱ་མེད་པར་བསྟན་ཡོད། གཉིས་པ་ཤེས་ཀྱང་མིག་བཙུམས་ནས་སྨར་ཚང་གི་ལོ་རྒྱུས་སྦས་གསང་བྱས་པའི་དམིགས་ཡུལ་ནི། སྨར་ཚང་གི་ཁྱབ་ཁོངས་མང་པོ་ཞིག་ཀམ་ཚང་གི་མངའ་འོག་ཚུད་ཐབས་བྱེད་པའི་སྐབས་ཡིན་པར་མངོན་ཡོད། དཔེར་ན། སྨར་ཚང་གི་བླ་མ་མཚན་སྙན་ཆེ་བའི་སྤང་མཁན་ཆེན་འདི་རོལ་པའི་རྡོ་རྗེའི་སློབ་མ་ཡིན་ཚུལ་ལོག་འགྲེལ་བྱས་པ་དང་། སི་ཏུ་བླ་མ་སྤང་མཁན་ཆེན་གྱི་ཡང་སྲིད་ཡིན་ཚུལ་ལོག་འགྲེལ་བྱས་ནས་ལོ་རྒྱུས་མི་ཤེས་པའི་བླ་རྒན་རྣམས་ཀམ་ཚང་གི་བླ་མ་རྣམས་ཀྱི་མངའ་འོག་ལ་ཚུད་ཐབས་ཀྱི་བསླུ་བྲིད་བྱས་པར་མངོན་ཡོད། དེ་ཡང་གཏམ་དཔེ་ལ། འབྲོང་བསད་པར་མི་ཆོག་པ། འབྲོང་རྔ་དར་ལྕོག་བཙུགས་ཟེར་བ་ལྟར། ད་ལྟ་ཀརྨ་པ་གཉིས་ཀྱིས་ཐེ་ཝན་གྱི་རྒྱ་འུར་འུ་ཐོ་ཟེར་བའི་མི་རྒན་ཁྲམ་པ་གཅིག་ལ། ཆོས་རྗེ་སྨར་པའི་མཚན་བཙོངས་པ་ལས་ལྷག་པ་མཐོང་ཆུང་བྱ་རྒྱུ་ཅི་ཡང་མེད། དཔལ་སྤུངས་དགོན་དུ་ཨ་མདོ་དཀའ་འབུམ་རྒྱལ་གསོ་སྐྱོང་བྱས་ནས་སྨར་ཚང་གཏོར་མཁན་དགའ་ལྡན་ཕོ་བྲང་ཡིན་ཚུལ་དམིགས་ཀྱིས་བཀར་ནས་ལོག་འགྲེལ་གྱི་རྩོམ་དེབ་བྲིས་བཅུག་པ། སི་ཏུ་དགོན་པས་སྤང་མཁན་ཆེན་གྱི་མཚན་རྐུས་ནས་སྐུ་འདྲ་བཟོས་པ་སོགས་བཟང་སྤྱོད་ལས་འདས་པའི་བྱ་བར་སྤེལ་བ་ལ་བརྟེན་ནས། ང་ཚོས་ཀྱང་ལོ་འདི་ནས་བཟུང་ཀམ་ཚང་གི་ལྟ་གྲུབ་ལ་ཉམས་ཞིབ་དང་། ཀམ་ཚང་གི་བརྒྱུད་པ་ལ་ཉམས་ཞིབ། ཀམ་ཚང་གི་བླ་སློབ་ཀྱི་དམ་ཚིག་ལ་ཉམས་ཞིབ། བཀའ་བརྒྱུད་པ་ཉམས་གུད་འགྲོ་བའི་རྐྱེན་རྩ་ཀམ་ཚང་ལ་ཐུག་ཡོད་མེད་སོགས་ཉམས་ཞིབ་བྱ་རྒྱུ་ཡིན་པས་ཐུགས་སྤྲོ་བའི་སྨོན་འདུན་ཞུ། སྨར་ཚང་བསྟན་པའི་བརྒྱུད་འཛིན་སོ་བརྒྱད་པ་གངས་རི་ཀརྨ་པས་ཕྱི་ལོ་2022ཟླ་བ་5 ཚེས་15 ལ་བྲིས་སོ། །