འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེས་གཟེངས་རྟགས་བཞེས་བཞིན་པ།
དབྱིན་ཇིའི་རྒྱལ་ཁབ་དུ་ཆོས་ལུགས་སྣ་ཆོགས་ཀྱི་ཆོས་ཚོགས་༤༩༨༨༡་ཡོད་པའི་ནང་ནས་འདི་ལོ་གཟེངས་རྟགས་ཐེངས་བདུན་པ་དེ་ཆོས་ཚོགས་༣༢་འདེམ་སྒྲུག་ནང་ནས་ནང་པའི་ཆོས་ལུགས་ནང་ནས་སྨར་ཚང་བཀའ་བརྒྱུད་འདེམ་སྒྲུག་བྱས་ནས་གཟེངས་རྟགས་ཕུལ་ཡོད་པ་རེད།
མཛད་སྒོའི་དངོས་གཞི།
སྐུ་མགྲོན་རྣམས་ཡར་བཞེངས་ནས་འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེ་ལ་དགའ་བསུ་ཞུས་ནས་ཕྱག་རྡེབ་བཞིན་པ།
འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེས་གཟེངས་རྟགས་བཞེས་བཞིན་པ།
དབྱིན་ཇིའི་རྒྱལ་ས་ལོན་གྲོན་ལ་སྨར་ཚང་བཀའ་བརྒྱུད་ལ་གཟེངས་རྟགས་ཕུལ་བཞིན་པ།
སྨར་ཚང་བཀའ་བརྒྱུད་ལ་གཟེངས་རྟགས་ཕུལ་བའི་མཛད་སྒོ།
དབྱིན་ཇིའི་རྒྱལ་ཁབ་དུ་ཡེ་ཤུ། ཧེ་ཏུང་། ཁ་ཆེ། ཇུན་ཤུ། ནང་པ་སོགས་ཀྱིས་གཞུང་འབྲེལ་དེབ་སྐྱེལ་བྱས་པའི་ཆོས་ཚོགས་༤༩༨༨༡་དང་རྒྱལ་ས་ལོན་གྲོན་ལ་ཆོས་ཚོགས་༢༢༠༠་ཡོད་པའི་ནང་ནས་ཆོས་ཚོགས་༣༢་འདེམ་སྒྲུག་བྱས་པའི་ནང་ནས་སྨར་ཚང་བཀའ་བརྒྱུད་འདེམ་སྒྲུག་བྱས་ཡོད་པ་རེད། ནང་པའི་ཆོས་ཚོགས་སྨར་ཚང་བཀའ་བརྒྱུད་གཅིག་པུ་་འདེམ་ཡོད་པ་རེད།
དབྱིན་ཇིའི་རྒྱལ་ཁབ་དུ་སྨར་ཚང་བསྟན་པའི་བདག་པོ་འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེ་ལ་གཟེངས་རྟགས་ཕུལ་བའི་མཛད་སྒོ།
ཕྱི་ལོ་༢༠༢༣་ཟླ་བ་༡༡་ཚེས་༢༡་ལ་སྨར་ཚང་བཀའ་བརྒྱུད་ལ་གཟེངས་རྟགས་ཕུལ་བའི་སྐབས་ཀྱི་སྐུ་མགྲོན་རྣམསམ་ཀྱི་པར།
འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེའི་བཀའ་སློབ།
འགྲོ་མགོན་༧གངས་རི་ཀརྨ་རིན་པོ་ཆེ་མཆོག་གིས་ཕྱི་ལོ་༢༠༠༨་དབྱིན་ཇིའི་རྒྱལ་ས་ལོན་གྲོན་ལ་བཀའ་སློབ་གནང་བཞིན་པ།

འབྲེལ་གཏུགས།

སྐུ་ཉིད་སྨཪ་ཚང་བཀའ་བརྒྱུད་ལས་ཁུངས་ལ་འབྲེལ་གཏུགས་གནང་བར་ཐུགས་རྗེ་ཆེ། ང་ཚོའི་ཁྱོད་རང་གི་རེད་འདོད་དང་དམིགས་ཡུལ་གང་ཡིན་པ་དེ་དུས་ཐོག་ཕུལ་ཐུབ་པ་ཞུ་རྒྱུ་ཡིན། གནོན།

སྨར་ཚང་བཀའ་བརྒྱུད་ཀྱིས་དབྱིན་ཇི་དང་ཐེ་ཝན་ལ་ལོ་རྟག་ཆོས་ཕྱོགས་ཀྱི་བྱེད་སྒོ་གཏན་ཁེལ་བའི་རིགས་རྣམས་བཤམ་དུ་ངོ་སྤྲོད་མདོར་བསྡུས་ཞུ་ཡོད་པས་གཟིགས་རོགས། གལ་ཏེ་དོག་འདྲི་དགོས་ངེས་མཐོང་ཚེ་ཁ་བྱང་ཐོག་འབྲེལ་གཏུགས་གནང་རོགས། །

Read more ...
  • ཐེ་པེ་ཆོས་ཚོགས།
    ཐེ་པེ་ཆོས་ཚོགས།

     

     

    ༧འགྲོ་མགོན་གངས་རི་ཀརྨ་མཆོག་གིས་ཕྱི་ལོ་༢༠༠༡་ལ་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ལ་གསར་དུ་བསྐྲུན་པའི་སྙིང་རྗེ་ཀུན་ཁྱབ་གླིང་ཞེས་པའི་ཆོས་ཚོགས། 

  • གངས་རི་ཀརྨ།
    གངས་རི་ཀརྨ།

     

     

    འགྲོ་མགོན་༧གངས་རི་ཀརྨ་རིན་པོ་ཆེ།

  • གངས་རི་ཀརྨ།
    གངས་རི་ཀརྨ།

     

     

    འགྲོ་མགོན་༧གངས་རི་ཀརྨ་རིན་པོ་ཆེས་བཞེངས་པའི་བཤད་གྲྭའི་ཐོག་ཏུ་གཟིམ་ཤག་ནང་རྩོམ་བྲིས་བཞིན་པ། 

  • ཐེ་ཝན་ལ།
    ཐེ་ཝན་ལ།

     

     

     

    འགྲོ་མགོན་༧གངས་རི་ཀརྨ་རིན་པོ་ཆེ་མཆོག་མཛད་སྒོར་ཐོག་ཕེབས་བཞིན་པ། 

  • སྨར་ཁམས་གྱི་སློབ་གྲ༎
    སྨར་ཁམས་གྱི་སློབ་གྲ༎

     

     

    འགྲོ་མགོན་༧གངས་རི་ཀརྨ་རིན་པོ་ཆེས་ཕྱི་ལོ་༡༩༩༣་ལོར་ལེགས་གྲུབ་བྱུང་བའི་ཀུན་ཕན་གསོ་སྐྱོང་སློབ་གྲྭ་ཡིན། 

  • ཐེ་ཀྲོང་ཆོས་ཚོགས།
    ཐེ་ཀྲོང་ཆོས་ཚོགས།

     

    འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེས་ཐེ་ཀྲོང་ལ་བཞེངས་པའི་ཆོས་ཚོགས་མཛད་སྒོ་གནང་བཞིན་པ། 

  • ཐེ་ཀྲོང་ཆོས་ཚོགས་གསར་པ།
    ཐེ་ཀྲོང་ཆོས་ཚོགས་གསར་པ།

     

     

    འགྲོ་མགོན་༧གངས་རི་ཀརྨ་རིན་པོ་ཆེས་ཐེ་ཀྲོང་ལ་གསར་དུ་བཞེངས་པའི་ཆོས་ཚོགས་ལ་བཀའ་སློབ་གནང་བཞིན་པ། 

  • ཐེ་ཀྲོང་ཆོས་ཚོགས།
    ཐེ་ཀྲོང་ཆོས་ཚོགས།

     

    འགྲོ་མགོན་༧གངས་རི་ཀརྨ་རིན་པོ་ཆེས་ཐེ་ཀྲོང་ཆོས་ཚོགས་ལ་ཞེ་པ་བཞི་བྲལ་གསུངས་བཞིན་པ།

  • ཞི་བདེ་དེད་དཔོན།
    ཞི་བདེ་དེད་དཔོན།

     

     

    ཕྱི་ལོ་༡༩༩༧་ལོ་འགྲོ་མགོན་༧གངས་རི་ཀརྨ་རིན་པོ་ཆེ་མཆོག་སླར་བྲོས་འབྱོར་སླེབས་དུ་༧རྒྱལ་དབང་བཅུ་བཞི་པ་དང་མཇལ་འཕྲད་གནང་བ།

 

ཆོས་ལུགས་ཀྱི་ཐོབ་ཐང་འདྲ་མཉམ་ལོངས་སྤྱོད་པའི་དབྱིན་ཇིའི་རྒྱལ་ཁབ་འདི་ལ། ཡེ་ཤུ་དང་། ཧེ་ཏུང་། ཁ་ཆེ། ནང་པ་སོགས་གཞུང་འབྲེལ་དེབ་སྐྱེལ་བྱས་པའི་ཆོས་ཚོགས་༤༩༨༨༡ ཡོད་ཅིང་། རྒྱལ་ས་ལོན་གྲོན་ལ་ཆོས་ཚོགས་༢༢༠༠ ཡོད་པ་རེད། དབྱིན་ཇིའི་རྒྱལ་་པོ་ King Charles ཕྱྭ་ལི་སི་ཡིས་བཙུགས་པའི་the Faith &Belief Forum ཞེས་པའི་ལུགས་ཀྱི་གཟེངས་རྟགས་ཚོགས་པ་འདིས། ཕྱི་ལོ་༢༠༢༣ ལོ་ཟླ་བ་༡༡ ཚེས་༢༡ ལ་གཟེངས་རྟགས་ཐེངས་བདུན་པ་འདི་ཆོས་ཚོགས་༣༢ འདེམ་སྒྲུག་བྱས་པ་ནང་ལ། སྨར་ཚང་བཀའ་བརྒྱུད་རྟག་བརྟན་ཕུན་ཚོགས་གླིང་ཡང་འདེམ་སྒྲུག་བྱས་ཡོད་གསུངས་སོང། གཟེངས་རྟགས་འདི་ཆོས་ལུགས་སོ་སོའི་ལྟ་གྲུབ་དང་། རིགས་གཞུང་། གོམས་སྲོལ་སོགས་ཐབས་སྣ་ཚོགས་ལ་བརྟེན་ནས་ཡུལ་འདི་མི་རྣམས་ལ་ཕན་པའི་ལས་དོན་གྱི་གྲུབ་འབྲས་གཟེངས་སུ་ཐོན་པའི་དཔང་རྟགས་ཕུལ་བ་ཡིན་ཞེས་འགྲེལ་བརྗོད་གནང་། སྨར་ཚང་བཀའ་བརྒྱུད་ལ་གཟེངས་རྟགས་ཕུལ་བ་འདི་མདོར་བསྡུས་ན་གཉིས་སུ་ངེས་ཡོད། དང་པོ་ནི། ཡུལ་འདིར་ནང་པ་སངས་རྒྱས་པའི་ཆོས་ཀྱི་སྲོལ་བརྒྱུད་རྙིང་མའི་ཐབས་ལམ་ལ་བརྟེན་ནས་ལོ་བཅུ་ཕྲག་གཅིག་ལྷག་གི་རིང་ལ། སྡེ་ཚན་རེ་ལ་ལོ་གསུམ་དང་ཕྱེད་ཀའི་སློབ་ཚན་མཐར་ཕྱིན་པ་ཁྲིད་ནས་གྲུབ་དོན་ལག་འཁྱེར་སྤྲོད་ཅིང། ཉམས་ལེན་གྱི་རིམ་པ་ཡང་སྲོལ་བརྒྱུད་ལྟར་ཁྲིད་པ་འདི་གཞན་ལས་ཁྱད་པར་འཕགས་པ་ངོས་འཛིན་ཞུས་ནས་གཟེངས་རྟགས་ཕུལ་བ་ཡིན་ཞེས་གསུངས། གཉིས་པ་ནི། གཏོག་དབྱིབས་ནད་དུག་གི་སྐབས་སུ་སློབ་རྒན་ཚོས་ཆོས་ལུགས་རིས་མེད་ཀྱི་མི་རྣམས་སེམས་ཁམས་ཞི་བ་ལ་གནས་པའི་ཕྱིར་ཏུ། དྲན་པ་དབྱུག་ལ་གཏད་པ། དྲན་པ་ལུས་ལ་གཏད་པ། དྲན་པ་ཚོར་བ་ལ་གཏད་པའི་ཐབས་ལམ་ལ་བརྟེན་ནས་ལོ་གཉིས་ཀྱི་རིང་སྒོམ་ཁྲིད་རྒྱུན་སྐྱོང་བས་མི་མང་པོ་ཞིག་གི་སེམས་ཁམས་ལྷོད་དུ་འབབ་པ། སྐྱོ་སྣང་བསང་བ། འཇིགས་སྣང་ཞི་བ་སོགས་གྲུབ་འབྲས་ཆེན་པོ་ཐོན་པ་ངོས་འཛིན་ཞུས་ནས་གཟེངས་རྟགས་ཕུལ་བ་ཡིན་ཞེས་འགྲེལ་བརྗོད་གནང་སོང། དེ་རིང་གཟེངས་རྟགས་ཐོབ་པའི་ཆོས་ཚོགས་༣༢ ནང་ནས་སྐྱར་དུ་ཆོས་ཚོགས་༨ འདེམ་སྒྲུག་བྱས་ནས་ཚེས་༢༢ ལ་དམིགས་གསར་གྱི་བཅར་འདྲི་ཞུ་རྒྱུ་ཡིན་ཞེས་བརྡ་འཕྲིན་འབྱོར་སོང་བས། ང་ཚོའི་སློབ་མ་ཞིག་གིས་བཅར་དྲི་ལེན་འདེབས་བྱས་པ་རྣམས་ཚོགས་པ་དེའི་དྲ་ལམ་དུ་རིམ་བཞིན་འགོད་རྒྱུ་ཡིན་གསུངས། འདི་ནི་སྨར་ཚང་བསྟན་པའི་བདག་པོ་༧ འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེས་ཕྱི་ལོ་༢༠༠༨ ལོ་ལོན་གྲོན་ལ་སྨར་ཚང་བཀའ་བརྒྱུད་རྟག་བརྟན་ཕུན་ཚོགས་གླིང་ཕྱག་བཏབ་པ་ནས་བཟུང་ལོ་ངོ་བཅུ་ཕྲག་གཅིག་ལྷག་གི་རིང་ཉིན་མཚན་དབྱེར་མེད་འབད་བརྩོན་བྱས་པ་དང་། སྲི་ཞུ་ལས་བྱེད་ཚོས་ཀྱང་ལྷག་བསམ་བཟང་པོ་ཀུན་ནས་སླངས་ནས་འགྲོ་སོང་ཆེ་ཆུང་ཐམས་ཅད་སོ་སོའི་བཏང་ནས་འབད་བརྩོན་བྱས་པའིི་གྲུབ་འབྲས་གཟེངས་སུ་ཐོན་པའི་དཔང་རྟགས་གནང་བ་ལ་བརྟེན་ནས། སྲི་ཞུ་བ་རྣམས་སླར་ཡང་སེམས་ཤུགས་དང་སྙིང་སྟོབས་བསྐྱེད་པ་ལ་ཕན་ཐོག་ཆེན་པོ་བྱུང་སོང་བས། སྨར་ཚང་རྟག་བརྟན་ཕུན་ཚོགས་གླིང་གི་ལས་ཁུངས་ནས་དྲང་བདེན་གྱི་ལས་ལ་བརྩོན་པའི་the Faith &Belief Forum ཚོགས་པ་འདིའི་དབུ་ཁྲིད་དང་། ཉམས་ཞིབ་པ། ལས་བྱེད་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེན་ཞུས་ཀྱིན་ཡོད།

 

 

   འཇིག་རྟེན་འདིར་སྨྲ་ཤེས་དོན་གོ་བའི་འགྲོ་བ་མིའང་རྐང་གཉིས་པ་ཞེས་རིགས་དྲུག་གི་ནང་ནས་རྟེན་བཟང་ཤོས་ཡིན་ཞེས་མགྲིན་པ་བཏེགས་ནས་སྨྲས་ཀྱང།  རྟེན་འདིར་ཞུགས་པའི་མི་རྣམས་ནི་གཏི་མུག་དང་། འདོད་སེམས། ཞེ་སྡང་། ཕྲག་དོག། ང་རྒྱལ། གཡོ། སྒྱུ་ལ་སོགས་པ་མི་དགེ་བཅུ་པོའི་ལམ་དུ་ཞུགས་ནས་དྲང་བདེན་གྱི་ཚངས་ཐིག་ལས་འདས་པའི་ཁྲོད་དུ། ལག་ལེན་མེད་པའི་སྨྱུག་ཐོག་གི་རིས་མོ་དང་། དོན་སྙིང་མེད་པའི་ཁ་བཤད་ཀྱི་ཆུ་ལྦུ་དང་འཕྲད་ལ་དོགས་ནས་གཡོས་ཅི་ཐུབ་བྱས་ཀྱང་། ཕྱི་ལོ་༢༠༡༨་ལོ་མཇུག་ཏུ་མི་ཐུག་ཐོད་པ་རྡོ་དང་ཐུག་ཅེས་པ་ལྟར། སྨར་ཚང་བཀའ་བརྒྱུད་པའི་ལོ་རྒྱུས་ཀྱི་ར་བའི་ཕྱི་རོལ་ནས། བྲག་གཡབ་ཐུབ་བཀྲ་ཡིས་ཚུར་སྒོ་རྡུང་ཞིག་ལོ་གསར་པའི་མགོ་སྟོད་ལ་དགེ་བཤེས་ལོག་སྨྲ་བས་ཚུར་སྒོ་རྡུང་སོང་བས། ཁོང་གཉིས་ཀྱིས་གཞི་མེད་པའི་ཉེས་འཛུགས་དང་ཁུངས་མེད་པའི་ཅལ་འདྲོགས་བྱས་པ་རྣམས་རེ་རེ་བཞིན་སུན་ཕྱུང་བར་བྱ་སྟེ།                  

ལོག་སྨྲ་བ་དང་བྲག་གཡབ་བ་འགའ་ཤས་ཀྱིས་སྨར་ཁམས་ཞེས་པའི་མིང་ཚིག་འདི་ཐོག་མ་འབྱུང་ཁུངས་བྲག་གཡབ་ནས་ཡིན་ཟེར། སྨར་ཁམས་ཞེས་པའི་ཚིག་འདི་ད་ལྟ་སྨར་ཁམས་ལ་གོ་མི་རུང་བ་བྲག་གཡབ་སྨེར་གཤིས་ནས་ཡིན་པར་གོ་དགོས་ཞེས་བཙན་བཀར་བྱས་པར་མི་འོས་པ་ཞིག་ཡིན་ཏེ། ཆེས་ཐོག་མ་མདོ་ཁམས་ཆུ་བཞི་དང་སྒང་དྲུག་གི་ཡ་གྱལ་གྱུར་པའི་སྨར་ཁམས་སྒང་གི་ཁོངས་གཏོགས་ཡིན་ན། སྨར་ཁམས་པ་ཡིན་པས་ཁྱབ་པར་འདོད་རིགས་པ་ཡིན་ཡང། དུས་ཕྱིས་སུ་སྨར་ཁམས་སྒང་གི་ཆ་ཤས་ཆབ་མདོ་བ་དང་། ཉག་བྲེ་བ། གོ་འཇོ་བ། རེ་ཁེ་བ། ལྷ་སྲུང་བ་རྣམས་ལུང་ཚན་སོ་སོར་ཕྱེ་བའི་རྗེས་སུ་སྨར་ཁམས་སྒང་གི་ཆར་གཏོགས་ཡིན་ན། སྨར་ཁམས་པ་ཡིན་པས་མ་ཁྱབ་པར་གྱུར་བའི་ལོ་རྒྱུས་ཀྱི་འགྲོས་འདི་ངེས་པར་མཁྱེན་དགོས། སྨར་ཁམས་པ་ཡིན་ན་སྨར་ཁམས་སྒང་གི་ཁོངས་གཏོགས་ཡིན་པས་ཁྱབ་པ་འདིས་ཀྱང་ཤེས་པར་བྱ།  དཔེར་ན། ཆོས་རྗེ་སྨར་པ་དང་ཉག་རེ་སེ་བའི་དུས་སྐབས་དེར། ས་ལ་སྨར་ཁམས་ཁྲ་མོ་གླིང། བླ་མ་ལ་ཆོས་རྗེ་སྨར་པ་རིན་པོ་ཆེ། ཆོས་ལ་སྨར་ཚང་བཀའ་བརྒྱུད། ཅེས་མདོ་དབུས་ཁམས་གསུམ་ལ་གྲགས་པའི་དུས་བཟང་གི་ཉིན་མོ་དེར། ཉག་བྲེ་བ་དང་། ལྷ་སྲུང་བ། གོ་འཇོ་བ་སོགས་སྨར་ཁམས་པའི་ཁྱབ་ཁོངས་ཡིན་པའི་སྒྲུབ་བྱེད་ཉག་རེ་སེ་བའི་ལུང་གཅིག་པུས་སྒྲུབ་པར་བྱ་སྟེ།                                                      

ཉག་བྲེ་ཡུལ་དུ་སྨར་ཁམས་ཞེས་པའི་མིང་གི་འབྱུང་ཁུངས་སྨར་ཤོད་ཟེར་བ་ཞིག་གཏན་ནས་མེད་དེ། ཉག་རེ་སེ་བའི་མགུར་ལས། “སྨེར་གཤིས་ཕུ་མངའ་”ཞེས་ཟེར་བ་ནས་བཟུང་། རག་ར་ཁྲི་ཆེན་གྱིས་གྲགས་པ་རྒྱ་མཚོའི་རྣམ་ཐར་སོགས་ལ་“སྨེར གཤིས་”ཞེས་པ་འདི་ལས་ལྷག་པ་སྨར་ཤོད་ཟེར་བ་གཅིག་ཀྱང་མཐོང་རྒྱུ་མེད། ཕྱིས་སུ་བྲག་གཡབ་བ་ཚོས་“སྨེར་གཤིས་”ཞེས་པའི་ཚིག་འདི་རྨེར་ཤོད་ལ་བསྒྱུར་ནས་བྲིས་ཡོད་ལ། སྐབས་དེར་སྨར་ཁམས་རྫོང་གི་སྒོ་བྱང་དང་རླང་འཁོར་གྱི་སྒོ་བྱང་ལའང་རྨར་ཁམས་ཞེས་མ་དག་པ་ཞིག་བྲིས་པའི་དུས་ཡིན་པས། ཁྱོད་ཚོས་ཀྱང་ས་མགོ་ཅན་གྱི་སྨེར་དེ་ར་མགོ་ཅན་གྱི་རྨེར་ལ་བསྒྱུར་ཞིང་། གཤིས་ཟེར་བའི་སྔོན་འཇུག་ག་དང་རྗེས་འཇུག་ས་བཅད་ནས་རྨེར་ཤོད་ཅེས་བྲིས་པ་རེད། ཕྱིས་སུ་སྨར་ཁམས་པ་ཚོས་ཡུལ་མིང་ནོར་བ་ཤེས་ནས་སྨར་ཁམས་ཞེས་བཏགས་དུས། བྲག་གཡབ་བ་ཚོས་ཀྱང་རྨེར་ཤོད་དེ་སྨེར་ཤོད་ལ་བསྒྱུར་པ་རེད། ད་ལྟ་སྨེར་ཞེས་པའི་འགྲེང་བུ་བཅད་ནས་སྨར་ཤོད་དུ་བྲིས་ཏེ། སྨར་ཤོད་དེ་ནི་སྨར་ཁམས་ཞེས་པའི་ཐ་སྙད་དེའི་འབྱུང་ཁུངས་ཐོག་མ་དེ་ཡིན་ཞེས་ཕོ་སྒྲོབ་ས་སྟེང་མི་ཤོང་བར་བཤད་པ་རྣམས་རེ་རེ་བཞིན་ཤོ་ཙོམ་དཔྱད་པའི་ཚངས་ཐིག་གི་སྐབས་སུ་སུན་ཕྱུང་ཡོད་པས་དེ་ལ་བལྟ་བར་བྱ། འདི་སྨར་ཁམས་པའི་ཐ་སྙད་འབྱུང་ཁུངས་ཉག་རེ་ནས་མིན་པ་དང་ཉག་རེ་བ་ནི་སྨར་ཁམས་ཀྱི་ཆ་ཤས་ཤིག་ཡིན་པའི་སྒྲུབ་བྱེད་རྣམས་རེ་རེ་བཞིན་དགོད་པར་བྱ་སྟེ།                                                                                           ཉག་རེ་སེ་བའི་མགུར་ལས། “སྨར་ཁམས་མི་དཔོན་བླ་དཔོན་”ཞེས་སྨར་ཁམས་པ་ཉག་རེ་བ་མིན་པར་བསྟན་ཡོད་ལ། སྨར་ཁམས་ཡན་ཆོད་ལ་ཞེས་ལུང་པ་གཞན་དང་ས་མཚམས་ཀྱི་དབྱེར་བ་བསྟན་ཡོད། “སྨར་ཁམས་ཀྱི་མི་ལ་ལོང་བ་མང་”ཞེས་སྨར་ཁམས་ཀྱི་མི་རྣམས་ཉག་རེ་བ་མིན་པར་བསྟན་ཡོད། དཔེར་ན། བྲག་གཡབ་བ་བོད་མི་ཡིན་ཡང་བོད་མི་བྲག་གཡབ་བ་མིན་པའི་ཚུལ་འདི་ཤེས་ན་ཚིག་འདིའི་དོན་གྱི་གོ་བ་ངེས་པར་རྙེད་སླ་བར་ཡོད།                         

 ཉག་རེ་སེ་བའི་མགུར་ལས། “ཐང་ཅིག་སྨར་ཁམས་”ཞེས་ཟེར་བ། “སྨར་ཁམས་བདུད་ཀྱི་གཅོང་རོང་དུ་”ཞེས་ཟེར་བས་སྨར་ཁམས་ཉག་རེ་བ་མིན་པར་བསྟན་ཡོད། “སྨར་ཁམས་ན་ལྡོག་རྗེས་བསད་དུ་འོང་”ཞེས་ཟེར་བ། “སྨར་ཁམས་དར་དྲགས་ན་ཡུན་ཐུང་དུས་”ཞེས་ཟེར་བ། འདི་དག་ཚིག་དོན་གཉིས་ཀས་འགྲོས་ལ་བལྟས་ཙམ་ནས་སྨར་ཁམས་འདི་ཉག་རེ་བ་ལས་ཁྱབ་ཆེ་བའི་སྡེ་ཚན་གཅིག་ཡིན་པར་གསལ་པོ་མངོན་འདུག་ལ། དཔེར་ན། སྤྱི་མིང་སྔོ་ལ་བཏགས་ནས་བྱེ་བྲག་གི་མིང་མཇུག་ཏུ་བཏགས་པ་བོད་ཡིག་བྲིས་སྲོལ་ལྟར། མི་རྟག་པ་ལ་གཟུགས། ཤེས་པ། ལྡན་མི་འདུ་བྱེད་ཡོད་ལྟ་བུ་དང་། བོད་མདོ་དབུས་ཁམས་གསུམ་ཞེས་པ་ལྟ་བུ། བོད་སྨར་ཁམས། བོད་ཆབ་མདོ།  བོད་བྲག་གཡབ་ཅེས་པ་ལྟ་བུ་སྤྱི་དང་བྱེ་བྲག་གི་ཚིག་འགྲོས་རྣམས་ཤེས་ན་ཧམ་མཆོང་བྱས་པའི་སྤོབས་པ་རྙེད་མི་སྲིད། ཉག་རེ་སེ་བའི་མགུར་ལས། “སྨར་ཁམས་ཉག་བྲེ་བའི་ཡུལ་ཕྱོགས་སུ་”ཞེས་ཟེར་བ་འདིས་ཉག་བྲེ་བ་སྨར་ཁམས་ཀྱི་བྱེ་བྲག་ཅིག་ཡིན་པར་མངོན་ཡོད། “སྨར་ཁམས་ཉག་བྲེ་བའི་ཡུལ་དུ་སྔ་སྐྱིད་ཀྱི་བུ་”ཞེས་ཟེར་བ་འདིས་ཀྱང་ཉག་བྲེ་བ་སྨར་ཁམས་ཀྱི་ཆ་ཤས་ཤིག་ཡིན་པ་ཚིག་དུམ་འདི་ཀློག་ཙམ་ནས་ཡིད་ལ་གསལ་ལེ་བ་འཆར་ཡོང་གིས་རེད། “སྨར་ཁམས་ཉག་བྲེ་བའི་དྲིན་ལན་དང་”ཞེས་ཟེར་བའི་ཚིག་དུམ་འདིས་ཉག་བྲེ་བ་ནི་སྨར་ཁམས་པའི་ཡན་ལག་ཅིག་ཡིན་ཞེས་དངོས་པོ་ཁོ་རང་གིས་ཚུར་ཁ་གྲག་ཡོད། “སྨར་ཁམས་གོ་འཇོ་ལ་”ཞེས་གོ་འཇོ་བ་སྨར་ཁམས་ཀྱི་ཆ་ཤས་ཤིག་ཡིན་པར་བསྟན་པའི་ཚིག་དོན་འདི་དག་གིས་དེའི་ཚེ་དེའི་དུས་སུ། ཉག་བྲེ་བ་དང་གོ་འཇོ་བ་གཉིས་ཀ་སྨར་ཁམས་ཞེས་པའི་ཚིག་འབྲུ་གཉིས་ཀྱི་བསྡུས་པའི་མངའ་སྡེ་དེའི་ཆ་ཤས་ཡིན་པར་ཚིག་གི་བདག་པོས་ཚིགས་སུ་བཅད་ནས་གསུངས་པ་འདི་ལ་ལོག་འགྲེལ་བྱེད་པའི་གོ་སྐབས་ཇི་ལྟར་སྲིད་དེ། མི་སྲིད་པའི་ཕྱིར། གལ་ཏེ། ཉག་རེ་སེ་བའི་མགུར་ལས། ཉག་རེ་སྨར་ཁམས། ཉག་རེ་གོ་འཇོ་ཟེར་བའི་ཚིག་དོན་གཅིག་ཡོད་སྲིད་ན། ཞིག་ནས་སྨར་ཁམས་ཞེས་པའི་ཚིག་འདི་ཉག་བྲེ་བའི་ལུང་ཁུང་ཞིག་ནས་བྱུང་བ་ཡིན་མིན་བསྐོར་རྩོད་རའི་དཀྱིལ་དུ་བཞག་ནས་གླེང་འོས་པ་རེད་ལ། གླེང་ན་ཡང་བྲོ་བ་ཅུང་ཟད་ཡོད་སྲིད།  ཨ་ཕོ་བྲག་ཕྲུག་ཁྱོད་ཚོས་མིང་ཚིག་གི་སྤྱི་དང་བྱེ་བྲག་དབྱེར་འབྱེད་བྱ་བའི་རིགས་ལམ་ཙམ་ཡང་མེད་ན། ང་གངས་རི་ཀརྨ་པའི་མདུན་ལ་རྩོད་སར་སོང་ཟེར་མཁན་བྱེད་གཏེ་དེ་སུ་རེད། ཉག་རེ་སེ་བ་དང་སྨར་པའི་དུས་སྐབས་དེར་སྨར་ཁམས་སྒང་དང་སྨར་ཁམས་ཞེས་པའི་ཐ་སྙད་འདི་ཡོངས་གྲགས་ཡིན་པར་ལོ་རྒྱུས་ཀུན་ལས་གསལ་བ་ལྟར། ཉག་རེ་སེ་བས་ཀྱང་སྨར་ཁམས་ཉག་བྲེ་ཞེས་ཡང་ནས་ཡང་དུ་བརྗོད་པ་དང་ཡོངས་སུ་འགལ་བར་གྱུར། གལ་ཏེ། ཁྱེད་ཚོས་བརྗོད་པ་ལྟར། སྨེར་གཤིས་བ་ལས་སྨར་ཁམས་ཞེས་པའི་ཐ་སྙད་ཐོག་པར་འདོད་ན།  དུས་སྐབས་དེར་ཉག་རེ་ཞེས་ཐ་སྙད་དེའི་ཁྱབ་ཁོངས་ཀྱི་སྡེ་པ་རྣམས་སྨེར་གཤིས་སྡེ་བའི་ཆ་ཤས་སུ་གཏོགས་པ་ཁས་བླངས་དགོས་པར་གྱུར། དེ་ལྟར་ཁས་བླངས་པར་འདོད་ན། ཉག་རེ་སེ་བས་སྨར་ཁམས་ཉག་བྲེ་ཞེས་བརྗོད་པ་དང་འགལ་བར་གྱུར། ད་དུང་གོ་འཇོ་བ་ཡང་སྨེར་གཤིས་སྡེ་བའི་ཁྱབ་ཁོངས་ཡིན་པར་ཐལ། ཉག་རེ་སེ་བས། སྨར་ཁམས་གོ་འཇོ་ཞེས་བརྗོད་པའི་ཕྱིར། དེ་ལྟར་འདོད་ན། ལོ་རྒྱུས་ཕར་བཞག་ནས་ད་ལྟ་མིག་གིས་མཐོང་བཞིན་པའི་ས་ཆ་ལ་མིག་བལྟས་ནས་དཔྱད་ན། སྨེར་གཤིས་སྡེ་བའི་ས་ཁྱོན་གྱི་ཁྱབ་རྒྱ་དང་། ཉག་རེ་ཞེས་པའི་ས་ཁྱོན་གྱི་ཁྱབ་རྒྱ། གོ་འཇོ་བའི་ས་ཁྱོན་གྱི་ཁྱབ་རྒྱ། སྨར་ཁམས་པའི་ས་ཁྱོན་གྱི་ཁྱབ་རྒྱ་ལ་ལྟོས་དང་། སྨེར་གཤིས་སྡེ་བའི་ལུང་ཁུང་ཆུང་ཆུང་དེའི་ཐ་སྙད་དེ། ཉག་རེ་བ་དང་། གོ་འཇོ་བ། སྨར་ཁམས་པ་ལ་ཁྱབ་པར་འདོད་ཟེར་མཁན་དེ་ར་བཟི་མིན་ན་སྨྱོན་པ་རེད།  

 ལོག་སྨྲ་བས། ཉག་རེ་སེ་བའི་མགུར་ལས། “སྨར་ཁམས་ཉག་བྲེའི་ཡུལ་དུ་རྟེན་འབྲེལ་སྣ་ཚོགས་འགྲིགས། །བླ་མས་བསྡུས་པའི་སྨར་པ་རིན་ཆེན་བློ་གྲོས་དང་། །བུ་སྤུན་ཚུལ་དུ་ཡུལ་ཁམས་གཅིག་གིས་བསྡུས། །སྣང་བ་མཐུན་པས་ཐབས་ཀྱིས་རོགས་དན་བྱས”། །ཞེས་ཚིག་དུམ་འདི་དངོས་ཤུགས་བརྒྱུད་གསུམ་གང་དུ་ཡང་ཆོས་རྗེ་སྨར་པ་ཉག་བྲེ་བ་ཡིན་པ་དང་། ཤོ་དགོན་བྲག་གཡབ་ལ་ཡོད་པའི་ཁུངས་ལུང་བསྟན་པའི་ཚིག་འབྲུ་གཅིག་ཀྱང་མེད་ན་ཡང་བེའུ་ཡིས་ནུ་མ་རྡུང་བ་ལྟར་ཨུ་ཚུགས་ཐེངས་མང་བྱས་སོང་བས།  གོང་གི་ཚིག་དོན་རྣམས་རེ་རེ་བཞིན་ཅུད་ཟད་འགྲེལ་བར་བྱ་སྟེ། སྨར་ཁམས་པའི་བྱེ་བྲག་ཉག་བྲེའི་ཡུལ་དུ་རྟེན་འབྲེལ་སྣ་ཚོགས་འགྲིགས་ཡོད། བླ་མ་ཕག་གྲུ་པས་བསྡུས་པའི་སྨར་པ་དང་རིན་ཆེན་རྒྱལ་མཚན་ནམ་བློ་གྲོས་དང་བུ་སྤུན་ཚུལ་ལམ་བུ་སྤུན་ལྟ་བུ་ཡུལ་སྨར་ཁམས་གཅིག་གིས་བསྡུས། ཐུགས་སྣང་མཐུན་པོ་ཡོད་པས་ཐབས་ཀྱིས་ཕན་ཚུན་རོགས་དན་བྱས། ཞེས་པའི་ཚིག་འབྲུ་རེ་རེ་བཞིན་ལྟོས་དང་ཉག་བྲེ་བ་སྨར་ཁམས་ཀྱི་ཁོངས་སུ་ཡིན་པར་ཚིག་གི་ངོས་ནས་ཁ་གྲག་ཡོད་ལ། སྨར་ཁམས་ཉག་བྲེ་བའི་ཆ་ཤས་དང་ཁྱབ་ཁོངས་ཡིན་པའི་སྒྲུབ་བྱེད་གཅིག་ཀྱང་མི་སྣང་བར་མཁྱེན་པར་མཛོད། ཚིག་འདི་དག་གི་ནང་དུ་ཆོས་རྗེ་སྨར་པ་རིན་པོ་ཆེ་བྲག་གཡབ་བ་ཡིན་པའི་སྒྲུབ་བྱེད་འགྲོ་ས་གཏན་ནས་མེད་པར་ཤེས་བཞིན་དུ་བརྗོད་པ་ཡིན་ན། ཁྱོད་ཚོས་ལོ་རྒྱུས་སྨྲ་བ་དང་དཔྱད་ཞིབ་པའི་ར་བ་ལས་ཕྱིར་ཕུད་ཟིན་པས་ཅི་དགའ་མཛོད། མི་ཤེས་རྨོངས་ནས་བརྗོད་པ་ཡིན་ན་འདི་ནས་རྨོངས་པ་སེལ་བར་འགྱུར་རོ། །                                                                                                   

བུ་སྤུན་ཚུལ་གྱི་གོ་དོན། ཉག་སེ་བའི་མགུར་ལས། “སྨར་པ་ངེད་གཉིས་བུ་སྤུན་ཚུལ། །ང་ཐབས་ཀྱིས་བླ་མས་བསྟུན་པ་ཙམ”། ། ཞེས་གསུངས་པ་འདི་ནི་དངོས་པོ་གང་ཡང་རུང་བ་ཞིག་དངོས་པོ་གཞན་དེ་མིན་ན་ཡང་། དེ་ཡིན་པར་འདྲ་བོ་དང་། དེ་ཡིན་པ་ལྟ་བུ་ཞིག་ལ་ཚུལ་ཞེས་པའི་ཐ་སྙད་འདི་སྦྱར་དགོས་ཏེ། དཔེར་ན། བླ་མས་མི་བསད་དུས་མཛད་པའི་ཚུལ་བསྟན་པ་རེད་ཟེར་བ་ལྟ་བུ། བུ་སྤུན་མིན་ན་ཡང་བུ་སྤུན་ཡིན་ཚུལ་བསྟན་པ་ལྟར། འདི་ཡང་ཆོས་རྗེ་སྨར་པ་དང་ཉག་རེ་སེ་བ་གཉིས་དོན་དངོས་ལ་བུ་སྤུན་མིན་ན་ཡང་། ཐུགས་མཐུན་པོ་བུ་སྤུན་ཚུལ་ཡིན་ཞེས་ཉག་རེ་སེ་བས་གསུངས་པ་རེད། ཡང་གཅིག་བཤད་ན། དགེ་བཤེས་ལོ་སྨྲ་བ་ནི་སྐྱེ་བ་སྔ་ཕྱི་ཁས་མི་ལེན་པའི་ལོག་ལྟ་ཅན་ཞིག་ཡིན་ཀྱང་ཆོས་གོས་གྱོན་ནས་ནང་པ་ཡིན་ཚུལ་སྟོན་པ་ལྟ་བུ་དང་། ལོག་སྨྲ་བས། སྐྱིད་སྡུག་ཐབས་ཅད་རང་འབྱུང་གིས་བཀོད་སྒྲིག་ཙམ་ཡིན་པ་ལས་སྡུག་བསྔལ་ལས་སྐྱོབས་མཁན་དཀོན་མཆོག་ཅིག་མེད་པར་ཁ་ཕོ་ཆེན་པོས་ཤོད་བཞིན་དུ། སེམས་ཅན་ལ་ཚུལ་ཆོས་བཤད་ནས་ས་ཚཱའི་དབང་བསྐུར་བ་ལྟ་བུ་དང། ལོག་སྨྲ་བས་ཞེ་ཕུག་ནས་སྨར་ཚང་གི་མེས་པོ་གོང་མ་ལ་ཞེན་མེད་ཀྱང་ཁ་ནས་ཞེན་ཡོད་ཚུལ་འུར་ཤོད་བྱས་པ་ལྟ་བུ་རེད། ཆོས་རྗེ་སྨར་པ་དང་ཉག་རེ་སེ་བ་གཉིས་བུ་སྤུན་མིན་པའི་སྒྲུབ་བྱེད་གཏིང་ཟབ་དུ་བཏང་ནས་བཤད་ན། ཉག་རེ་སེ་བའི་མགུར་ལས། “ཉག་སེ་ཤི་བའི་ཁ་ཆེམས་ཡིན། །གཉེན་དང་ཉེ་དུ་ང་ལ་མེད། །དགྲ་དང་བུ་སློབ་ང་ལ་མེད”། །ཅེས་གསུངས་པ་འདིར་ལྟོས་ཤིག་ཨང་། ཡང་ཉག་སེའི་མགུར་ལས། “མཆེད་གྲོགས་ཀྱི་ཚུལ་དུ་སྨར་ཚང་ལ་རོགས་དན་བྱས་”ཞེས་གསུངས་པ་འདིས་ཀྱང། ཆོས་རྗེ་སྨར་པ་དང་ཉག་རེ་སེ་བ་གཉིས་ཕག་གྲུའི་མདུན་ནས་བུམ་ཆུ་མཉམ་འཐུང་བྱས་མྱོང་བའི་མཆེད་གྲོགས་ཤིག་མིན་ན་ཡང་། བླ་མ་ཕག་གྲུ་པའི་བརྒྱུད་པ་གཅིག་ཡིན་པས་མཆེད་གྲོགས་ཀྱི་ཚུལ་དུ་སྨར་ཁམས་ལ་རོགས་དན་བྱས་པ་ཡིན་གསུངས་པ་རེད། གོང་གིས་བུ་སྤུན་ཚུལ་ཞེས་པ་དང་མཆེད་གྲོགས་ཚུལ་ཞེས་པ་འདི་གཉིས་ལ་ཞིབ་མོ་ལྟོས་དང་ཆོས་རྗེ་སྨར་པ་བྲག་གཡབ་བ་ཡིན་པ་གང་དུ་ཡང་མངོན་མེད། གནས་དོན་འདི་གཏིང་ཟབ་དུ་གཏོང་ན། ཉག་རེ་སེ་བའི་མགུར་ལས། “གྲོགས་པོ་སྨར་པའི་སྐྱེ་བ་ལ་”་ཞེས་ཆོས་རྗེ་སྨར་པ་དང་ཉག་རེ་སེ་བ་ཁོང་གཉིས་གྲོགས་པོ་ཡིན་གསུངས་པ་འདི་དང་། བུ་སྤུན་ཚུལ་ཞེས་པ་འདི་གཉིས་ཀྱིས་ཁོང་གཉིས་ཕ་མ་གཅིག་གི་བུ་སྤུན་མིན་པར་ལོ་རྒྱུས་རང་གིས་ཚུར་ཁ་གྲག་པ་ཤེས་སམ། ད་དུང་རྒྱབ་སྐྱོར་ལྟ་བུ་ལུང་གཅིག་དྲངས་ན།  ཉག་རེ་སེ་བའི་མགུར་ལས། “གྲོགས་པོ་ཡེལ་པའི་སྐུ་འབུམ་ལ་”། ཞེས་ཆོས་རྗེ་ཡེལ་པ་ཡང་ཕག་གྲུ་པའི་ཞལ་སློབ་ཡིན་པའི་ཆ་ནས་ཁོང་གི་གྲོགས་པོ་ཡིན་ཚུལ་མངོན་པ་འདིས་གྲོགས་པོ་སྨར་པ་ཞེས་པའི་ཚིག་དོན་འདིའི་ཁུངས་ལུང་བཙན་དུ་སོང་བར་ཤེས་པར་གྱིས། ཤེས་མ་སོང་ན། ཕག་གྲུ་པའི་སློབ་མ་ཐུགས་སྲས་བརྒྱད་དང་། ཉེ་སྲས། གྲུབ་ཐོབ་ཡོད་དོ་ཅོག་ཉག་རེ་བ་ཡིན་པར་ཐལ། ཉག་རེ་སེ་བའི་མཆེད་གྲོགས་ཚུལ་ཡིན་པའི་ཕྱིར། ཆོས་རྗེ་ཡེལ་པ་ཉག་རེ་བ་ཡིན་པར་ཐལ། ཉག་རེ་སེ་བའི་གྲོགས་པོ་ཡིན་པའི་ཕྱིར། ཕག་གྲུ་པའི་དྲུང་དུ་ཉག་རེ་སེ་བའི་མཉམ་དུ་ཆོས་ཞུ་མྱོང་བའི་གྲོགས་པོ་ཡོད་ཚད་ཉག་རེ་བ་ཡིན་པར་ཐལ། ཁྱོད་ཚོས་འདོད་པ་དེ་ལྟར་ཡིན་པའི་ཕྱིར།            

 ཆོས་རྗེ་སྨར་པའི་ཞལ་སློབ་དགེ་སློང་བྱང་ཆུབ་ཡེ་ཤེས་ཀྱིས་བརྩམས་པའི་རྣམ་ཐར་ལས། “སྨར་ཁམས་རུ་ཤོད་དགེ་རྒྱས་བྱེ་མའི་ཀློང་ཞེས་བྱ་བར། ཡབ་ནི་ཐེག་པ་ཆེན་པོའི་རིགས་ཅན། བྱམས་སྙིང་རྗེས་རྒྱུད་འབྱོངས་པ། ལྡན་འདུ་སྒོམ་པ་ཀླུ་ཡི་གཙུག་ཅེས་བྱ་བ། སྐྱེས་སྟོབས་ཀྱི་བྱང་ཆུབ་སེམས་དཔའ་གྱུར་པ་ཞིག་གི་སྲས་སུ་སྐུ་མཆེད་གསུམ་གྱི་ཐ་ཆུང་དུ་སྐུ་འཁྲུངས”། ཞེས་དང་། ཙོམ་མདོ་གདན་རབས་ལས། “སྨར་ཁམས་སྒང་གི་ཆ་ལག་ཏུ་གཏོགས་པ་འབྲི་ཆུ་དང་ཟླ་ཆུ་གཉིས་ཀྱི་དབུས་སུ། ཡབ་ལྡན་འདུ་ཀླུ་ཡི་གཙུག་དང་། ཡུམ་ཨ་མོ་བདེ་དགའ་མ་གཉིས་ཀྱི་སྲས་སུ་རབ་བྱུང་གཉིས་པའི་ཤིང་མོ་ཡོས་ཀྱི་ལོར་སྐུ་འཁྲུངས། བླ་མ་དགའ་བློས་ཀུན་དགའ་དཔལ་ཞེས་མཚན་གསོལ”། ཞེས་སྨར་ཁམས་རུ་ཤོད་དགེ་རྒྱས་བྱེ་མའི་ཀློང་ཞེས་བྱ་བའི་སྡེ་བ་དེའི་ཁྱབ་ཁོངས་སུ་གཏོགས་པ། ལྡན་འདུ་གྲོང་པ། སྒོམ་པ་ཚང་གི་ཡབ་ཀླུ་ཡི་གཙུག་ཅེས་བྱ་ལ་བུ་གསུམ་བྱུང་བས་བུ་ཆུང་བའི་གྲས་སུ་སྐུ་འཁྲུངས་ཞེས་ལོ་རྒྱུས་རང་གིས་ཚུར་ཁ་གྲག་ཡོད་པས་ལོག་བཤད་བྱས་སར་གནས་མེད་ལ། ཉག་རེ་སེ་བའི་མགུར་འབུམ་ལས། “ངོ་མཚར་རིན་ཆེན་རྒྱལ་མཚན་ང་། །ལུས་མང་པོ་གྲངས་བླངས་རྨི་ལམ་འདྲ། །ཕ་ཡུལ་ལབ་ཕུ་རིན་ཆེན་མཁའ་འགྲོའི་སྒྲུབ་གནས་ན། །ཕ་ནི་མགོན་པོ་རྒྱལ་གྱི་མཚན། །མ་ནི་འདན་ཟ་ཨ་ལོད་མ། །དྲིན་ལན་མ་སོད་ཞེ་གནོང་ཆེ་བའི་ཕྱིར”། །ཞེས་ཉག་རེ་སེ་བ་ཁོང་གི་ཕའི་མིང་རིན་ཆེན་རྒྱལ་མཚན་དང་། མའི་མིང་འདན་ཟ་ཨ་ལོད་མ། སྐྱེ་ཡུལ་ནི་ལབ་ཕུ། ཡང་ན། བར་དེ་ཞེས་པ་ཡིན་ཚུལ་མགུར་འབུམ་བྲིས་མ་གཉིས་ལས་བྲིས་ཚུལ་མི་འདྲ་བར་གཉིས་ཐོན་ཡོད་ཀྱང། འོན་ཏེ། ཉག་རེ་སེ་བའི་ཕ་ཡུལ་རང་འགྲུབ་གྲོང་ནས་ཡིན་པར་ཚིག་འབྲུ་གཅིག་ཀྱང་མེད་ལ། ཆོས་རྗེ་སྨར་པའི་ཐུགས་སྲས་ཀྱིས་བྲིས་པའི་རྣམ་ཐར་དང་། ཉེ་སྲས་ཀྱིས་བྲིས་པའི་རྣམ་ཐར། ཡང་སློབ་ཀྱིས་བྲིས་པའི་རྣམ་ཐར་སོགས་ལ་ཆོས་རྗེ་སྨར་པ་རང་འགྲུབ་གྲོང་ལ་འཁྲུངས་པ། ཡབ་རང་གྲུབ་དཔོན་ཡིན་ཟེར་བ་གཏན་ནས་མེད་ཀྱང་དུས་ཕྱིས་སུ་ལོག་སྨྲ་བ་ཁྱོད་ལྟ་བུས་རང་སྣང་གང་ཤར་འུར་བརྗོད་བྱས་པ་དག་ལ་ཁུངས་ལུང་ཅི་ཡང་མེད་དོ། །                                                                             

 ལོག་སྨྲ་བས། ཉག་རེ་སེ་བ་དང་ཆོས་རྗེ་སྨར་པ་གཉིས་སྐུ་དུས་གཅིག་ཡིན། ཞེས་ཟེར་བ་འདི་མི་འཐད་དེ། ཉག་རེ་སེ་བའི་མགུར་ལས། “ང་ཡང་སྦྲུལ་ལོ་ལ་འོང་བ་ཡིན”། །ཞེས་དང་། ཉག་རེ་སེ་བའི་མགུར་ལས། “བྱ་ཡི་ལོ་ལ་ཁོ་བོ་སྦྲུལ་གྱི་ལོ་པས་ཡིན”། །ཞེས་ཁོང་གི་ལོ་རྟགས་སྦྲུལ་དང་བྱ་གང་རུང་ཞིག་ཡིན་པར་འདྲ་བོ་ཙམ་ལས་ངེས་གཏན་ཐུབ་པ་ཞིག་མེད།  ཆོས་རྗེ་སྨར་པ་རིན་པོ་ཆེ་རབ་བྱུང་གཉིས་པའི་ཤིང་མོ་ཡོས་དང་ཕྱི་ལོ་༡༡༣༥་ལོ་ལ་སྐུ་འཁྲུངས་པས་ལོ་རྟགས་མི་གཅིག་པ་ཤེས་བཞིན་དུ། ལོ་དུས་གཅིག་ཡིན་ཞེས་བརྗོད་པ་ཡིན་ན་གད་མོ་ཤོར་ནས་བལྟས་བསྡད་པ་ལས་རྩོད་བྱ་སྙིང་པོ་ཅི་ཡང་མ་མཐོང་། ཉག་རེ་སེ་བ་དང་ཆོས་རྗེ་སྨར་པ་གཉིས་མི་ཐོག་གཅིག་པ་ཡིན་པས་ཉག་རེ་བ་ཡིན་ཟེར་ན། དེ་བས་ཀྱང་གོད་བྲོ་བའི་གནས་སུ་གྱུར་ཏེ། ཉག་རེ་སེ་བ་དང་མི་ཐོག་གཅིག་པ་ཡིན་པའི་བོད་ཀྱི་བླ་མ་དང་། གྲྭ་པ། མི་སྐྱ་རྣམས་ཀྱང་ཉག་རེ་བ་ཡིན་པར་ཐལ། ཉག་རེ་སེ་བ་དང་མི་ཐོག་གཅིག་ཡིན་པའི་ཕྱིར། ཉག་རེ་སེ་བ་དང་དུས་གཅིག་སྐྱེས་པའི་སྨར་ཁམས་ཀྱི་ཁྱི་རྒན་རྒྱ་བོ་དེ་ཡང་ཉག་རེ་བ་ཡིན་པར་ཐལ། ཉག་རེ་སེ་བ་དང་དུས་གཅིག་སྐྱེས་པའི་ཕྱིར་རོ། །                                                                                                                 

ལོག་སྨྲ་བས། ཉག་རེ་སེ་བ་དང་ཆོས་རྗེ་སྨར་པ་གཉིས་དབུས་ལྷ་ས་ལ་གྲྭ་རྒྱུད་མཉམ་འགྲོ་བྱས་པ་རེད། ཅེས་ཟེར་བར་མི་འཐད་དེ། ཆོས་རྗེ་སྨར་པ་དང་ཉག་རེ་སེ་བ་གཉིས་དབུས་ལ་མཉམ་འགྲོ་ཡིན་པའི་ལོ་རྒྱུས་ཤིང་ཆོས་རྗེ་སྨར་པའི་རྣམ་ཐར་དང་། ཉག་རེ་སེ་བའི་རྣམ་ཐར་གང་དུ་ཡང་ཚིག་རྐང་གཅིག་ཀྱང་བསྟན་རྒྱུ་མེད་པས། ཡོད་ན་ཁྱོད་ཀྱིས་ཁུངས་ལུང་དྲོངས་ཞེས་ཐེངས་མང་བཙིར་ཡང་། བྱེ་མ་བཙིར་ན་སྣུམ་ཐོན་རྒྱུ་མེད་པར་ལྟར། ལོག་སྨྲ་བ་བཙིར་ཡང་ཁུངས་ལུང་ཚིག་འབྲུ་གཅིག་ཀྱང་མེད་པས་ཁ་གདངས་ནས་སྐྱ་ཐ་ལེ་བ་བསྡད། ཉག་རེ་སེ་བའི་མཉམ་དུ་ལྷ་ས་བར་གྲྭ་རྒྱུད་མཉམ་འགྲོ་བྱས་མྱོང་བའི་སྨར་ཁམས་པ་དང་། གོ་འཇོ་བ། ལྷ་སྲུང་བ་སོགས་མི་ཡོད་དོ་ཅོག་ཉག་རེ་བ་ཡིན་པར་ཐལ། ཉག་རེ་སེ་བའི་མཉམ་དུ་ལྷ་སར་སོང་བའི་ཕྱིར། ལོག་སྨྲ་བའི་མཉམ་དུ་ལྷ་སར་འགྲོ་བའི་ལུང་པ་གཞན་གྱི་མི་རྣམས་བྲག་གཡབ་བ་ཡིན་པར་ཐལ། ལོག་སྨྲ་བ་མཉམ་དུ་སོང་བའི་ཕྱིར།                                                                    

ལོག་སྨྲ་བས། ཆོས་རྗེ་སྨར་པ་དང་ཉག་སེ་གཉིས་ཕག་གྲུའི་དྲུང་ནས་མདོ་གཞུང་ལ་ཐོས་བསམ་མཉམ་དུ་བྱས་ཡོད། ཅེས་ཟེར་བ་འདི་མི་འཐད་དེ། ཆོས་རྗེ་སྨར་པ་རིན་པོ་ཆེའི་མདོ་གཞུང་ལ་ཐོས་བསམ་རྩོད་གསུམ་བྱ་ཡུལ་ནི་གདན་ས་ཆེན་པོ་གསང་ཕུ་ནེའུ་ཐང་གི་དགོན་པ་ཡིན། ཁོང་གིས་དགེ་བཤེས་ཕྱཱ་པ་ཆོས་ཀྱི་སེང་གེ་ལས་ཚད་མ་གསན་ཞིང། དགེ་བཤེས་གཙང་ནག་པ་བརྩོན་འགྲུས་སེང་གེ་ལས་དབུ་མ་གསན། དགེ་བཤེས་བྱ་འདུལ་བ་འཛིན་པ་བརྩོན་འབར་ལས་འདུལ་བ་གསན། གཞན་ཡང་དགེ་བཤེས་ལྕང་ལུང་པ་དང་། ཡ་གད་པ། དོན་སྟེང་པ། བྱ་འཆད་ཀ་བ། འཆིང་ཕུང་བ་སོགས་ལས་བཀའ་གདམས་གཞུང་སྨྲ་བའི་ཕྱག་སྲོལ་རྣམས་གསན་བསམ་མཐར་ཕྱིན་པར་མཛད། ཡང་སྒོས་སུ་བཀའ་གདམས་ལམ་རིམ་པ་དང། བཀའ་གདམས་མན་ངག་པའི་སྙིང་པོ་རྣམས་བོང་བའི་མེ་ཏོག་གི་བཅུད་ལ་རོལ་བ་ལྟར་ཐུགས་སུ་ཆུད་པར་མཛད་ནས། གསང་སྔགས་གསན་པའི་དུས་ལ་སླེབས་པས་རྗེ་མར་པའི་ཐུགས་སྲས་ཀ་ཆེན་བཞིའི་ཡ་གྱལ་རྔོག་ཆོས་སྐུ་རྡོ་རྗེའི་བུ་རྔོག་མདོ་སྡེའི་དྲུང་དུ་བཞུད་ནས། མར་ལུགས་རྒྱུད་སྡེ་བཅུ་གསུམ་སོགས་གསང་ཆོས་ཟབ་མོ་རྣམས་ལོ་ཕྱེད་གསུམ་རིང་གསན་བསམ་མཐར་ཕྱིན་པར་གནང་།  སྨར་ཁམས་ལ་བཞུགས་དུས་བླ་མ་སྒོམ་བརྒྱ་བས་ལུང་བསྟན་པ་ལྟར་རྗེ་ཕག་གྲུ་པའི་དྲུང་དུ་བཅར་ནས། སྒོམ་ཁྲིད་ཞུས་ནས་སྒོམ་གྱི་ཉམས་ལེན་འབའ་ཞིག་ལ་ཞུགས་པ་ལས། མདོ་གཞུང་ལ་ཐོས་བསམ་བྱས་པའི་ལོ་རྒྱུས་ཚིག་རྐང་གཅིག་ཀྱང་མེད། ལོག་སྨྲ་ཁྱོད་ཀྱིས་ཁོང་གཉིས་ཕག་གྲུའི་དྲུང་དུ་མདོ་གཞུང་ལ་ཐོས་བསམ་མཉམ་དུ་བྱས་པའི་ཁུངས་ལུང་དྲོངས་ཤིག་ཅེས་ནན་ཏན་ཆེན་པོས་བཙིར་དུས་རྣམ་དཔྱོད་ལྡན་པའི་བརྡ་ལན་ཚིག་གཅིག་ཀྱང་མི་འདུག།                                                             

  ལོག་སྨྲ་བས། རང་འགྲུབ་ལ་ཤོ་དགོན་བཏབ་ཡོད། ཅེས་ཟེར་བ་འདི་མི་འཐད་དེ། ཆོས་རྗེ་སྨར་པའི་ཞལ་སློབ་ཆོས་ཀྱི་ཡེ་ཤེས་ཀྱི་ཆོས་རྗེའི་རྣམ་ཐར་དང་། རྒྱལ་བ་ཡང་དགོན་པ། འགྲོ་མགོན་རིན་ཆེན། གྲུབ་ཆེན་གཤའ་པ། རྗེ་བཙུན་དབུ་རྩེ་བ། རྗེ་བཙུན་སྤྱན་སྔ་བ། སངས་རྒྱས་རིན་ཆེན་རྒྱལ་མཚན། སྤང་མཁན་ཆེན་དྲི་མེད་འོད་ཟེར། འགྲོ་མགོན་དཀོན་མཆོག་རྒྱལ་མཚན་སོགས་སྨར་ཚང་ཡབ་སྲས་ཀྱི་རྣམ་ཐར། ཤོ་དགོན་གྱི་གདན་རབས། ཙོམ་མདོའི་གདན་རབས་སོགས་ཁུངས་ལྡན་གྱི་ལོ་རྒྱུས་གང་དུ་རང་འགྲུབ་ལ་ཤོ་དགོན་བཏབ་པའི་ལོ་རྒྱུ་ཚིག་འབྲུ་གཅིག་ཀྱང་མེད། ཡོད་ན་ལུང་དྲོངས་ཤིག་ཅེས་ལུང་རིག་གིས་རྗེས་འདེད་བྱས་དུས། ལོག་སྨྲ་བས་མི་གཤིས་སྐྱོན་བརྗོད་ཀྱི་ཚིག་རྙོག་མང་པོ་འཕེན་བར་ཙམ་ལས་དོན་མཐུན་གྱི་ཁུངས་ལུང་གཅིག་ཀྱང་མེད་པར་གྱུར། ཁྱོད་ཀྱིས་དྲ་ལམ་ཚོགས་པ་ཞིག་གི་ནང་དུ་སྨར་ཚང་ལས་ཁུངས་ལ་འཕྲིན་ཡིག་བསྐུར་བས་སྨར་ཚང་བཀའ་བརྒྱུད་ཀྱི་དྲ་རྒྱ་སྒོ་རྒྱག་སོང་ཞེས་རྫུན་ཤོད་པ་དང་། འུར་ཤོད་བྱས་པ། ལོག་པ་སྨྲ་བ་དག་ནི་སྐབས་འཚོལ་བ་ཞིག་ཡིན་པས་རང་མདོག་རྗེན་པ་སྟོན་པར་ཤེས་པར་གྱིས།  

ཐུབ་བཀྲ་ཡིས། གངས་རི་ཀརྨ་པས་ཆོས་རྗེ་སྨར་པའི་ཡང་སྲིད་ཡིན་ཟེར་བར་འོས་བབས་མེད་པས་རྫུན་རྐུབ་བརྡོལ་གྱིས་ཡིན། ཞེས་ཟེར་བ་དང་། མེས་པོ་སྨར་ཚང་གི་མཚན་སྙན་སྲུང་བའི་འོས་འགན་བྲག་གཡབ་བ་ལ་ཡོད། ཅེས་ཟེར། དེ་དག་ལ་བརྡ་ལན་འདི་ལྟར་སྤྲད་པ་ཡིན། ཁྱོད་ཀྱི་ཀླད་རྩ་ཆ་ཚང་གིས་ལས་ཀ་བྱེད་མུ་ཡིན་ན།  ཆོས་རྗེ་སྨར་པའི་ཡང་སྲིད་མེད་པར་སྒྲུབ་མཁན་ལ་ཡང་སྲིད་ཡིན་ཟེར་སོང་ཞེས་བརྗོད་ན་དཀར་ནག་གོ་ལྡོན་པ་ཡིན་ཏེ། ཐེ་ཝན་དུ་རྒྱ་འུར་འུ་ཐོ་ཟེར་བ་ཞིག་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་བོད་ལ་བཞུགས་དུས་ཚུལ་ཕུ་དགོན་དུ་བཅར་ནས། ཀརྨ་པས་ཁོ་ལ་སློབ་དཔོན་ཤེས་རབ་ཡེ་ཤེས་ཞེས་མིང་བཏགས་ཚུལ་ཀརྨ་པའི་ཕྱག་བྲིས་ཤིག་དྲ་ལམ་ཐོག་ཁྱབ་སྤེལ་བྱས། དེ་ནས་ཀརྨ་པ་མཐའ་ཡས་རྡོ་རྗེས་རྒྱ་འུར་འུ་ཐོ་ནི་ཀརྨ་པའི་ཕྱག་མཛོད་ཀྱི་ཡང་སྲིད་ངོས་འཛིན་ནས་ཤེས་རབ་སེངྒེ་ཞེས་མིང་བཏགས་ཚུལ་དྲ་ལམ་ཐོག་ཁྱབ་སྤེལ་བྱས་པ་རེད། རེད་དེ། ཀརྨ་པ་གཉིས་ཀས་ཁོ་པ་ཆོས་རྗེ་སྨར་པའི་ཡང་སྲིད་ཡིན་པའི་ཡིག་འབྲུ་གཅིག་བསྟན་རྒྱུ་མེད་ཀྱང་། འུར་འུ་ཐོ་ཡིས་ཀརྨ་པ་གཉིས་ཀྱིས་ཁོ་རང་སྨར་པའི་ཡང་སྲིད་ངོས་འཛིན་བྱས་ཚུལ་དྲ་ལམ་ཐོག་ཏུ་འུར་རྒྱག་པའི་དུས་སྐབས་དེར། ཁྱོད་ཚོས་མེས་པོ་སྨར་ཚང་གི་མཚན་སྙན་མི་སྲུང་བ་ཅི་ཡིན་ནམ།  དེ་དུས་འུར་འུ་ཐོ་ལ་རྫུན་རྐུབ་བརྡོ་རྒྱུ་ཡིན་ཞེས་སྦྲང་སྐད་ཙམ་ཡང་རྒྱག་མི་ཕོད་པ་ཅི་རེད་སོང་། འུར་འུ་ཐོ་ཡིས་སྨར་པའི་ཡང་སྲིད་ཡིན་ཞེས་བཤད་པ་དེ་དང་། ཁྱོད་ཚོས་སྨར་པ་རང་འགྲུབ་དཔོན་ཚང་གི་བུ་ཡིན་ཞེས་བརྗོད་པ་གཉིས་རྐུབ་སྟོན་མི་དགོས་པར་རྐུབ་རང་ཤུགས་ཀྱིས་བརྡོལ་བར་ངེས། ཁྱོད་ཀྱིས་གངས་རི་ཀརྨ་སྨར་པའི་ཡང་སྲིད་ཡིན་ཟེར་སོང་ཞེས་པ་འདི་དཔང་བརྟགས་མེད་ན་དགོངས་དག་ཞུ་དགོས་ཞེས་ཟུར་བཀར་ཐེངས་མང་བྱས་ཀྱང་། བཟང་ངན་གི་བརྡ་ལན་གཅིག་ཀྱང་མེད་པར་ཡིབ་ནས་བསྡད་པ་རེད། འདིར་སྨྲས་པ།

དེང་སང་གངས་རིའི་ཁྲོད་ཀྱི་སྨྱུག་ཐོགས་པས། །བདེན་གཏམ་ཤེས་བྱ་ར་བའི་ཕྱི་རོལ་ནས། །

 རིགས་པའི་ཁྲིམས་འགལ་སྨྲ་བ་མང་མཐོང་བས། །ཚུལ་གསུམ་ཐོག་གི་མངའ་མོ་འཕེན་ལ་བྲེལ། །ཞེས་ངལ་བསོས་པའི་གཏམ་མོ། །

ཕྱི་ལོ་༢༠༠༢་ཡན་མན་ཞིག་ལ་འུར་འུ་ཐོ་ཡིས་སྨིན་གླིང་མཁན་ཆེན་ལ་སྒོར་འབུམ་གཅིག་སྤྲད་ནས་ཆོས་རྗེ་སྨར་པའི་ཡང་སྲིད་ངོས་འཛིན་གྱི་ཕྱག་བརྟགས་ཉོས་ནས། ཐེ་ཝན་གནས་སྡོད་ཚོང་པ་ཨོ་རྒྱན་སོགས་ཀྱིས་གོ་སྒྲིག་བྱས་ནས་བོད་པའི་བླ་མ་གྲྭ་པ་ལྔ་བཅུ་རྒལ་བ་ལྷན་འཛོམས་ཐོག་ཏུ། འུར་འུ་ཐོ་ཆོས་རྗེ་སྨར་པའི་ཡང་སྲིད་ཁྲི་སྟོན་གྱི་མཛད་སྒོ་རྒྱས་སྤྲོས་བྱས་པའི་དུས་སྐབས་དེར། ཁྱོད་ཚོས་མེས་པོ་སྨར་ཚང་གི་མཚན་སྙན་སྲུང་བར་འོས་འགན་ཡོད་ཅེས་ཁ་སྤུ་འདར་ནས་ཤོད་མཁན་ཚོས་ཚིག་གཅིག་གིས་བརྡ་ལན་སྤྲོད་མི་ཕོད་པ་ཅི་རེད་སོང་། སྒོ་སྲུང་ཁྱི་རྒན་ཞིག་ཡིན་ཡང་རྐུན་མ་སྒོ་འགྲམ་འོང་དུས་སྐད་རྒྱག་ཤེས་ཀྱང་། ཁྱོད་ཚོས། མེས་པོའི་མཚན་དངོས་སུ་བཙོངས་མཁན་དང་དངོས་སུ་ཉོས་མཁན་རྣམས་ལ་བརྡ་ལན་ཚིག་གཅིག་སྤྲོད་མི་ཕོད་པ་ཅི་ཡིན་ནམ། ཁྱོད་ཚོས་གོ་མ་སོང་ཨེ། ཕ་བཟང་གི་བུ། རི་མཐོན་པོ་གང་ནས་ཀི་གཅིག་རྒྱག ཐང་བདེན་མོ་སྟེང་ལ་མ་གོ་ཟེར་ན། འོན་པ་རེད། ད་རིང་ཁྱོད་ཚོས་ཤེས་སོང་བས། ཁྱོད་ཚོས་ཕོ་སྒྲོབ་དེ་སྒྲོབ་སྟོང་ཞིག་མིན་ན། འུར་འུ་ཐོ་དང་སྨིན་གླིང་མཁན་ཆེན་མདུན་ལ་ཕྱིན་ནས་ཁོང་གཉིས་ཀྱིས་དགོངས་དག་ཞུ་དགོས་པ་ཞིག་བཟོས་ཐུབ་སོང་ན། ཨ་ཕོ་ཚོས་མེས་པོའི་མཚན་སྙན་སྲུང་བའི་བརྟགས་ཡིན་པས་ཁྱོད་ཚོས་ང་ལ་ཡང་སྡུག་སྐད་ཟ་རི་ཟི་རི་ཅུང་ཟད་བརྒྱ་ན་ངས་ཀྱང་ཉན་རིན་ཡོད་སྲིད།

ཐུབ་བཀྲ་ཡིས། སྨར་ཚང་བཀའ་བརྒྱུད་པའི་ཤོ་དགོན་གྱི་མིང་དེ་བྲག་གཡབ་བའི་མེས་པོའི་མཚན་སྙན་ཡིན་པས་གངས་རི་ཀརྨ་ལ་དབང་ཆ་མེད། ཅེས་པར་བརྡ་ལན་འདི་ལྟར་ཕུལ་བར་བྱ་སྟེ། ཐེ་ཝན་གྱི་རྒྱ་འུར་འུ་ཐོ་དང་། རྒྱ་ནག་ནས་ཡིན་པའི་རྒྱ་བླ་རྫུན་མ་རྡོ་རྗེ་འཆང་ཟེར་བ་གཉིས་ཀྱིས་རྒྱ་ནག་གི་དངུལ་ཁང་ཞིག་ཁ་བསླུས་བྱས་ནས་ཨ་རི་ལ་བྲོས་བྱོལ་དུ་ཕྱིན་ཞིང། དེ་གཉིས་ཀྱིས་ཨ་རི་ལ་ཡེ་ཤུའི་ལྷ་ཁང་ཞིག་ཏུ་སྨར་ཚང་དགོན་པ་ཞེས་མིང་བཏགས་ནས། དུས་ད་ལྟའི་བར་ཆོས་ལོག་སྤེལ་བཞིན་པའི་བརྙན་འཕྲིན་རྣམས་རྒྱ་བོད་གཉིས་ལ་གྲགས་ཡོད་ཀྱང། ཁྱོད་ཚོས་ཚིག་རྐང་གཅིག་ཤོད་མི་ཕོད་པ་དང་བྲིས་མི་ཕོད་པ་ཅི་ཡིན་ནམ། ཡང་ན་རྒྱ་རྒན་དེ་གཉིས་དང་ཁྱོ་ཚོ་གོས་ཐུང་གཅིག་གི་ནང་དུ་རྐང་པ་མཉམ་བསྒྱུར་བྱས་མཁན་ཡིན་ནམ། དེ་ལྟར་མིན་ན། ཁྱི་ཡིས་སྲུང་རྒྱུ་རྔ་མ་ཞེས་དཔེར་ལྟར། ཁྱོད་ཚོས་མེས་པོའི་མཚན་སྙན་མི་སྲུང་བ་ཅི་རེད་སོང་ངམ། རྒྱ་རྒན་གཉིས་ལ་ཞེ་སོང་ཨེ། ཞེ་ཐག་ཆོད་རེད། བོད་འདིར་ཁྱོད་ཚོ་ལྟ་བུ་ཕྱི་འཇམ་ནང་བརྩུ་གྲོད་པུ་འདྲ་མང་པོ་སྐྱེས་པས་རྒྱལ་ཁབ་ཤོར་སོང་བ་རེད།  ཡང་གཅིག་བཤད་ན། མེས་པོའི་མཚན་སྙན་སྲུང་བར་ཁ་བཤད་དོན་གནས་ཡིན་ན། ཁྱོད་ཚོས་སྨར་ཚང་གི་བཤད་སྒྲུབ་གཉིས་པོ་སྐྱར་གསོ་བྱ་དགོས་ངེས་ཡིན་པས། བྲག་གཡབ་ཆེན་ཚང་ཆོས་རྗེ་སྨར་པའི་ཡང་སྲིད་ལ་བསྒྱུར་ནས། བྲག་གཡབ་མ་བུ་དགོན་གཉིས་སྨར་ཚང་བཀའ་བརྒྱུད་ཀྱི་ཤོ་ཙོམ་གཉིས་ཀྱི་མིང་ལ་བསྒྱུར་ནས། སྨར་ཚང་ཕྱག་ཆེན་དང་ཆོས་དྲུག་ཉམས་ལེན་བྱེད་པའི་དུས་དེར། ཁོ་བོ་གངས་རི་ཀརྨ་པས་སྨར་ཚང་བཀའ་བརྒྱུད་ཀྱི་འགན་དབང་ཡོངས་སུ་ཁྱོད་ཚོ་ལ་བརྩི་འབུལ་བྱ་ངེས་ཅན་ཡིན་པས་དེ་ལྟར་ཐུབ་བམ།  དེ་ལྟར་མི་ཐུབ་ན། ཆོས་རྗེ་སྨར་པའི་མཚན་སྙན་དང་གདན་ས་ཤོ་ཙོམ་གཉིས་ཀྱི་མིང་བྱང་རྣམས་སྨར་ཚང་བཀའ་བརྒྱུད་ཀྱི་བསྟན་པ་དང་ལུས་གྲིབ་བཞིན་འགྲོགས་པ་ཆོས་ཉིད་ཡིན་པས་སྟོང་བསམ་མ་བསྐྱང་ཨང་།                            

ང་ཚོས་སྨར་ཚང་རྫུན་མ་ལ་གདོང་ལེན་བྱས་པ་རིམ་པ་རྣམས་འདིར་ཟུར་ཙམ་གླེང་ན། འུར་འུ་ཐོ་ཡིས། ཆོས་རྗེ་སྨར་པ་ཡང་སྲིད་ཀྱི་ཁྲི་སྟོན་བྱས་པ་དང་། ཨ་རི་ལ་སྨར་ཚང་དགོན་པའི་མིང་བཏགས་པའི་གནས་སྟངས་དེ་དག་ཐོས་མ་ཐག་ཏུ། ཁོ་བོ་གངས་རི་ཀརྨ་པས་སྨར་ཁམས་པའི་མེས་པོ་སྨར་ཚང་གི་མཚན་སྙན་སྲུང་བའི་འོས་འགན་རྣམས་ཕྲག་ཏུ་འཁུར་ཏེ། ཐེ་ཝན་ལ་ངོས་རང་སྒེར་གྱི་ཆོས་ཚོགས་ཁག་གསུམ་པོ་ཕྱོགས་གཅིག་ཏུ་སྤུངས་ནས་སྨར་ཚང་བཀའ་བརྒྱུད་པའི་ཆོས་ཚོགས་ཀྱི་མིང་ཐོག་ཏུ་བསྒྱུར་ནས། སྨར་ཚང་གི་ཐ་སྙད་དང་འབྲེལ་བའི་དྲ་རྒྱའི་མིང་ཡོད་དོ་ཅོག་ཉོས་ནས་བཀག་བདམས་བྱས་པ་ཡིན། ངོས་རང་ས་སྐྱ་ཚང་གི་བླ་མ་ཞིག་གིས་ཆོས་ཚོགས་རྣམས་གློ་བུར་བཀའ་བརྒྱུད་ཀྱི་མིང་ལ་བསྒྱུར་དུས། སུས་ཀྱང་ངོས་ལེན་དཀའ་བས་ལས་འགུལ་སྤེལ་མ་ཐུབ་པར་ལོ་དྲུག་ཙམ་ལྷག་པའི་དུས་དེར། ཁྱོད་ཚོས་འུར་འུ་ཐོའི་ལག་ནས་མེས་པོ་སྨར་པ་རིན་པོ་ཆེའི་མཚན་སྙན་འཕོག་མི་ཐུབ་པ་ཅི་རེད་སོང་། ཡང་གོ་མ་སོང་ཨེ།  ཁྱོད་ལྟ་བུའི་རིགས་ལ་ཟ་སྒོ་མེད་ན་མི་གོ་ཐག་ཆོད་ཡིན་པར་ངས་ཀྱང་ལོས་ཤེས།                                              

 དེ་ནས་ཕྱི་ལོ་༢༠༠༨་ལོ་སྐྱབས་མགོན་ས་སྐྱ་༧་གོང་མ་རྡོ་རྗེ་འཆང་དབྱིན་ཇི་ལ་ཕེབས་དུས། ཁོ་བོ་གངས་རི་ཀརྨ་ཆེད་བཅར་ཞུས་ནས་སྨར་ཚང་ཉམས་གསོ་བྱ་རྒྱུའི་གཞི་རྩ་ཡོད་པ་དང་། ཉམས་གསོ་མ་བྱེད་དཀའ་མེད་ཀྱི་གནས་ལ་ཐུག་པའི་རྒྱུས་གསལ་ཞུས་ཤིང། གུཎ་པཎ་ཆེན་དབུས་པའི་གུཎ་དགོན་པའི་འདུས་མང་དབུས་སུ་སྐྱིད་སྡུག་དགོངས་ཞུས་ལྟར་བཀྲ་ཤིས་ལྷུན་ལེགས་ཐོག་དགོངས་པ་ཐོབ། དེ་ནས་ཐེ་ཝན་སྨར་ཚང་ཆོས་ཚོགས་འཕྲིན་ལས་མཁའ་ཁྱབ་གླིང་གི་མིང་ཐོག་ནས་འུར་འུ་ཐོ་ཁྲིམས་ལ་སྦྱར། དུས་མཚུངས་ལྟར་དོན་གཅོད་ཀྱིས་འུར་འུ་ཐོའི་ངན་རོགས་རྣམས་ཁྲིམས་ལ་སྦྱར། འུར་འུ་ཐོའི་ཚོགས་པས་སྐྱ་བོ་མང་པོ་ལ་གྲྭ་ཆས་གཡོག་ནས་དོན་གཅོད་མདུན་དུ་ངོ་རྒོལ་སྐད་འབོད་བྱས། འུར་འུ་ཐོའི་ཚོགས་པས་སྨར་ཚང་ཆོས་ཚོགས་ལ་ཡིག་ངག་གཉིས་ཐོག་ནས་འཇིགས་བསྐུལ་ཐེངས་མང་བྱས་ཀྱང་། ཆོས་རྗེ་སྨར་པ་ཡང་སྲིད་མེད་པའི་ཞལ་ཆས་དང་། འུར་འུ་ཐོ་ཆོས་རྗེ་སྨར་པའི་ཡང་སྲིད་རྫུན་མ་ཡིན་པའི་ཡིག་ཆ་མང་པོ་བསྐྲུན་ནས་ཕྱོགས་མང་པོར་བཀྲམ་བ་དང་། འཚག་ཤོག་ཐོག་ཏུ་བཀོད་པ། དྲ་རྒྱ་ཁག་ལ་བཀྲམ་པ། འུར་འུ་ཐོ་ཡི་ཚོགས་པ་དག་གི་སྒོ་འགྲམ་དུ་ཡིག་ཆ་བཀྲམ་བ། སྨར་ཚང་གི་སློབ་མ་ཨོ་རྒྱན་དང་ཀརྨ་སེང་གེ་སོགས་ཀྱིས་སྒེར་གྱི་རླང་འཁོར་ངོས་ལ་འུར་འུ་ཐོ་རྫུན་མ་ཡིན་པའི་ཡི་གེ་སྦྱར་ནས། འུར་འུ་ཐོ་ཡིས་ཚོགས་པ་ཚོགས་པའི་གནས་གང་ཡིན་ལ་རྗེས་འདེད་བྱས་པས། ཁོ་ཚོས་ཁྲོས་ནས་ཀརྨ་སེང་གེའི་རླང་འཁོར་ལ་བརྡུངས་པ་སོགས་དྲག་ལས་བྱས་ཀྱང་མུ་མཐུད་ནས་ངོ་རྒོད་ལས་འགུལ་སྤེལ་བར། འུར་འུ་ཐོ་ཡིས་ཁྲིམས་ཁང་གོང་མ་ལ་ཞུ་གཏུག་བྱས་པས་ང་ཚོས་ཀྱང་འགྲོ་གྲོན་ཤུགས་ཆེན་སྦྱར་ནས་མུ་མཐུད་ཁྲིམས་གཏུགས་བྱས་པས། འུར་འུ་ཐོ་ཆམ་ལ་ཕབ་ནས་སྨར་ཚང་བཀའ་བརྒྱུད་རྒྱལ་ཁ་ཐོབ་པའི་དཔའ་བརྟགས་དང་པོ་འདི་ནས་བླངས་པ་ཡིན།                                                                  

 སྨར་ཚང་བཀའ་བརྒྱུད་བྲག་གཡབ་བའི་མེས་པོ་ཡིན་པའི་འདུན་ཤེས་རྟ་རྔ་ཙམ་ཡང་མེད་པར་ཐག་ཆོད་ཡིན་པའི་སྒྲུབ་བྱེད་གཅིག་དགོད་པར་བྱ་སྟེ། གངས་རི་ཀརྨ་པས་འབུར་དཀར་དགོན་གྱི་རྒན་གྲགས་པའི་རྒྱུན་ནས་མདོ་ལྷུའི་རི་ལ་ཤོ་དགོན་གྱི་གནས་ཤུལ་ཡིན་པའི་དཔང་བརྟགས་ཚད་ལྡན་མེད་ཀྱང་། ཁྱོད་ཚོ་ཡིན་པར་འདོད་ན་ངས་འགྲོ་གྲོན་བཏང་ནས་མདོ་ལྷུ་རི་ལ་སྨར་ཚང་གི་དགོན་པ་ཉམས་གསོ་བྱ་རྒྱུ་ཡིན་པས། མདོ་ལྷུ་བ། རང་འགྲུབ་བ། སྨེར་གཤིས་བ་སོགས་འགོ་ཁྲི་དང་མི་མང་གྲོས་མོས་བྱས་ནས་ཟླ་བ་གཅིག་གི་རྗེས་ལན་གནང་རོགས་ཞེས་ཞུས་པ་ལྟར། རྒན་གྲགས་པས་འབད་བརྩོན་ཆེན་པོས་འགོ་ཁྲི་དང་མི་མང་ལ་དྲིས་དུས། ཁོང་ཚོས་མཐུན་མོང་གིས་གྲོས་མོས་བྱས་ནས་བརྡ་ལན་སྤྲད་དོན་འདི་ལྟར། ང་ཚོ་ནི་དགེ་ལུགས་པ་ཡིན། ས་འདིར་བཀའ་བརྒྱུད་པའི་དགོན་པ་བཞེང་རྒྱུར་མི་མཐུན་གཏན་ནས་མེད་ཅེས་ལན་སྤྲད་པ་རེད། བློ་གཟུར་བོ་གནས་ནས་འདས་པའི་ལོ་རྒྱུས་དང་། ད་ལྟའི་ལོ་རྒྱུས། འབྱུང་འགྱུར་གྱི་ལོ་རྒྱུས་ལ་རིག་པས་རྣམ་པར་དཔྱད་ནས་བལྟས་དུས། ང་གངས་རི་ཀརྨ་པས་མི་ལོ་བཅུ་བཞིའི་རིང་ལུས་སྲོག་ལོངས་སྤྱོད་ཡོངས་སུ་བློས་བཏང་སྟེ། ཉིན་མཚན་ལྟོས་མེད་འབད་བརྩོན་བྱས་ནས་ཆོས་རྗེ་སྨར་པའི་མཚན་སྙན་དང་སྨར་ཚང་བཀའ་བརྒྱུད་པའི་མཚན་སྙན་གྱི་མེ་རོ་རྨངས་ནས་གསོས་ཤིང་། སྨར་ཚང་གི་བསྟན་པའི་ཉི་འོད་རི་བོ་སྤོ་ལ་ཡིབ་པའི་དུས་ལས་བླངས་ནས་བསྟན་པའི་ཉི་འོད་ཤར་རིའི་ཕྲག་གོང་ནས་འཛམ་གླིང་འདིར་མགྲོན་དུ་བསུ་བར་མཐོང་སྟེ། ཁྱེད་ཚོས་སྔར་བཀའ་བརྒྱུད་པའི་བླ་མ་ཉག་རེ་སེ་བའི་མིང་དང་། བཀའ་གདམས་པའི་བླ་མ་རྔོག་བློ་ལྡན་ཤེས་རབ་གཉིས་ཀྱི་མིང་བཙོངས་ནས་མི་རབས་མང་པོར་ལོངས་སྤྱོད་ཡོད་ཀྱང། ད་ལྟའི་དུས་འདི་ཉག་རེ་སེ་བའི་མིང་དང་བློ་ལྡན་ཤེས་རབ་ཀྱི་མིང་གཉིས་ཀ་རུལ་ནས་འཚོང་ལས་མེད་པར་ཐག་ཆོད་དུས། འཇིག་རྟེན་གཏམ་དཔེ་ལ་བ་རྔ་བསྟན་ནས་བོང་ཤ་འཚོང་ཟེར་བ་ལྟར། ཁྱེད་ཚོས་མེས་པོའི་མཚན་སྙན་ཁ་ལ་འཁུར་ནས་ཆོས་རྗེ་སྨར་པ་དང་ཤོ་དགོན་གྱི་མཚན་སྙན་འཚོང་བར་འདོད་ནས་རྩོད་པ་ཙམ་ལས། མེས་པོའི་མཚན་སྙན་སྲུང་བའི་ཆེད་དུ་མིན་པར་འབྲས་རྟགས་ཡང་དག་ཅིག་བསྟན་ཟིན་པ་འདིས་ཀྱང་མཁྱེན་པར་མཛོད།                                                                                        

དགེ་བཤེས་ལོག་སྨྲ་བ་དང་ཐུབ་བཀྲ་གཉིས་ཀྱིས་སྨར་ཚང་གིས་བྱེད་སྟངས་འདི་གུང་ཁྲན་གྱིས་བྱེད་སྟངས་འདྲ་བོ་རེད་ཅེས་ཟེར། གཏམ་མི་ཡི་བཤད་རྒྱུ་རང་གིས་བཤད་ཟེར་བའི་དཔེ་ལྟར། ཁྱོད་ཚོས་བཀའ་བརྒྱུད་པ་ཉག་རེ་སེ་བའི་ཆོས་ལུགས་ལམ་སྲོལ་རྣམས་རྗེས་ཤུལ་ཙམ་ཡང་མེད་པར་བཟོས་ནས། ཉག་རེ་སེ་བའི་མིང་གཅིག་པུ་ལོངས་སྤྱོད་པ་འདི་གུང་ཁྲན་ཏང་གིས་བྱས་སྟངས་ངོ་མ་དེ་རེད། ཐུབ་བཀྲ་ཡིས། བྲག་གཡབ་ནས་སྐྱེ་བའི་བླ་མ་ཡིན་ན། བྲག་གཡབ་བ་མ་གཏོགས་སུས་ངོས་འཛིན་མི་ཆོག་ཅེས་ཟེར། དེ་ལ་རྔན་པ་ཆུང་ཆུང་འདི་ཕུལ་བར་བྱ་སྟེ། དབུས་ཀྱི་གསང་ཕུ་བ་རྔོག་བློ་ལྡན་ཤེས་རབ་ཀྱི་མིང་དེ་ཆོས་ཅན། ཁམས་བྲག་གཡབ་བས་འཁུར་ནས་ལོངས་སྤྱོད་མི་ཆོག་པར་ཐལ། བློ་ལྡན་ཤེས་རབ་ཅེས་པའི་མིང་དེ་དབུས་པའི་བླ་མའི་མིང་ཡིན་པའི་ཕྱིར། དེ་ཐལ། ཁྱོད་ཀྱིས་དམ་བཅའ་དེའི་ཕྱིར། རྟགས་ཁྱབ་ཅིག་ཅར་དུ་ཁེལ།  ཨ་མདོ་བ་ཁྲི་ཆེན་ངག་དབང་མཆོག་ལྡན་གྱི་མིང་དེ་ར་སྒྲེང་ཚང་གིས་འཁུར་མི་ཆོག་པར་ཐལ།  ཨ་མདོ་བའི་བླ་མའི་མིང་ཡིན་པའི་ཕྱིར། དེ་ལ་སོགས་རིག་མཚུངས་ཆེས་མང་ཡང་མ་སྤྲོས་སོ། །                                  

བོད་རང་ལ་ཇོ་ནང་གི་གདན་ས་དང་། རྒྱུད་སྟོད་ཀྱི་གདན་ས་སོགས་ཐོག་མ་ཕྱག་བཏབ་པའི་གནས་ནས་གནས་གསར་པ་གང་དུ་སྤོས་ཀྱང་སྔར་གྱི་མིང་གསོ་བར་མཛད། བཙན་བྱོལ་ལའང་ས་དགེ་བཀའ་རྙིང་སོགས་ཀྱིས་བསྟན་པ་གང་དུ་དར་བའི་གནས་སུ་སྔོན་གྱི་མིང་རྣམས་གསོས་པ་ལྟར། སྨར་ཚང་བཀའ་བརྒྱུད་པའི་ཆོས་ལུགས་ལམ་སྲོལ་འདིས་ཀྱང་འཛམ་གླིང་ཤར་ནུབ་གང་དུ་དར་བའི་གནས་དེར། གདན་ས་ཤོ་ཙོམ་ཉི་ཟླ་ཟུང་གཅིག་གི་མིང་ཡང་རྗེས་སུ་འབྲང་ནས་གསོ་དགོས་པ་ནི་ལོ་རྒྱུས་རང་བཞིན་ལྡན་པའི་ཁྱད་ཆོས་ཤིག་ཡིན། ས་དགེ་བཀའ་རྙིང་བཞིའི་བསྟན་པ་གང་དུ་དར་བའི་གནས་སུ་གདན་སའི་མཚན་གསོས་པ་རྣམས་ནོར་འཁྲུལ་གྱུར་མེད་ན། གདན་ས་ཤོ་ཙོམ་གཉིས་ཀྱི་མཚན་སྙན་གང་དུ་གསོ་དགོས་མིན་སྨར་ཚང་བཀའ་བརྒྱུད་པས་ཐག་གཅོད་བྱ་ངེས་ཡིན་པས་ཁྱོད་ཚོས་རི་བོང་གནམ་རྡིབ་གི་སྡུག་བསྔལ་མི་གནང་བར་མཛོད།                                                                                              

རྩོད་པ་འདིའི་གླེང་གཞི་མདོར་ཙམ་ཞུས་ནས་མཇུག་བསྡུར་བར་བྱ་སྟེ། བྲག་གཡབ་བ་ང་ལ་རྩོད་མཁན་གྲས་ནས་རིགས་པ་དང་སྒྲུབ་བྱེད་ཁས་བླངས་མཁན་ཚད་ལྡན་གཅིག་ཡོད་པ་ནི། ཝ་ར་ན་སི་མཐོ་སློབ་ནས་ཨཱ་ཙཱརྱ་ཐོན་པའི་ཉག་རེ་སེ་བའི་དགོན་པའི་དགེ་བཤེས་བཀྲ་ཤིས་སམ་ཐུབ་བསྟན་བྱང་ཆུབ་ཁོང་ཡིན། ཁོང་ནི་ཟམ་གདོང་རིན་པོ་ཆེ་བཀའ་བློན་ཁྲི་པའི་དུས་ཆོས་སྡེ་ལྷན་ཁང་གིས་ཆེད་མངགས་དགེ་སློང་མའི་སྡོམ་བརྒྱུད་ཡོད་མེད་ཉམས་ཞིབ་པ་བསྐོ་གཞག་གནང་བ་ཞིག་རེད། ཁོང་ནི་ཉག་སེ་དང་འབྲེལ་བའི་ཉག་རེ་བའི་ལོ་རྒྱུས་ལའང་ཉམས་ཞིབ་ཚད་ལྡན་གནང་མཁན་ཞིག་ཡིན་པས། ངོས་རང་ཆེད་མངགས་ཕྱི་ལོ་༢༠༠༧་ཟླ་བ་དྲུག་པ་ནང་དུ་ཁོང་དང་ཐུག་འཕྲད་ཐེངས་གསུམ་བྱས་ནས་བགྲོ་གླེང་ལྷོད་པོ་བྱས་པས། ཁོང་ནི་སྨར་བྲག་གི་ལོ་རྒྱུས་ལ་ཕྱོགས་སུ་མ་ལྷུང་བར་དབུས་ལ་གནས་ཤིང་། ལུང་རིགས་ཀྱི་གནོད་པ་ལས་འདས་པའི་ཧམ་བཤད་དང་། འུར་ཤོད་གཏན་ནས་མི་མཛད་པར་ཞི་དུལ་བག་ཡོད་ལྡན་པའི་དགེ་བཤེས་ཤིག་རེད། ཁོང་གིས་ཉག་སེ་བའི་མགུར་འབུམ་བྲིས་མ་དེ་ཨ་མྱེས་རྨ་ཆེན་ལ་པར་བསྐྲུན་ཆེད་དུ་སྤྲད་ཚར་ཟིན་འདུག་ཀྱང་ང་ལ་པར་ཤུལ་ཆོག་ཅེས་གསུངས་པ་ལྟར་ངས་ཀྱང་ཟིན་བྲིས་བྱས་ཏེ། སྐྱར་དུ་དགེ་བཤེས་ལགས་ལ་ངས་འདི་དྲངས་པའི་ལུང་རིགས་རྣམས་རྟགས་བཀོད་ནས་རྩོད་པས། ཁོོང་གིས་སྨར་པ་དང་ཤོ་དགོན་ཉག་རེ་ནས་ཡིན་པའི་ཁུངས་ལུང་གསར་པ་ཞིག་མ་རྙེད་བར་ཁྱོད་ཐོབ་སོང་། ལུང་རིག་དང་མི་མཐུན་པར་བཤད་ན་ཉམས་ཞིབ་ཀྱི་ར་བ་ལས་བརྒལ་བ་རེད་ཅེས་གསུངས། སྐབས་དེར་ཁོང་གིས་དགེ་སློང་མའི་སྡོམ་བརྒྱུད་ཡོད་མེད་བསྐོར་ཆོས་བརྒྱུད་བཞིའི་མཁས་པ་རྣམས་ཀྱིས་དཔྱད་རྩོམ་རུབ་ནས་དེབ་བཟོ་རྒྱུ་ཡོད་པས། ཁྱེད་ཀྱིས་ཀྱང་དཔྱད་རྩོམ་ཞིག་བྲིས་ནས་གཏོང་རོགས། ཞེས་གསུངས་པ་ལྟར་ངས་ཀྱང་སྙིང་བསྡུས་ཤིག་བྲིས་ནས་ཕུལ་བ་ཡིན། དེ་ནས་ཉག་རེ་བ་ང་ལ་སྨར་བྲག་གི་ལོ་རྒྱུས་རྩོད་མཁན་གཉིས་པ་དེ་ཐུབ་བཀྲ་རེད། ཁོང་ནི་ལུང་རིག་གི་གནོད་སྐྱོན་ཏོག་ཙམ་མཐོང་མཁན་ཞིག་རེད་འདུག་ཀྱང་བློ་རྩ་བརྟན་པོ་མེད་མཁན་ཞིག་ཡིན་པར་མངོན། དེ་ནས་ང་ལ་རྩོད་མཁན་གསུམ་པ་ནི་དགེ་བཤེས་ལོག་སྨྲ་བ་རེད། ཁོང་གིས་ང་ལ་སྨར་བྲག་གི་ལོ་རྒྱུས་ཀྱི་ཁུངས་ལུང་མེད་པར་ཧམ་བཤད་ཆེན་པོས་གང་འཐད་རྩོད་བྱུང་བར། ཉིན་མ་གཉིས་ཀྱི་རྗེས་སུ་ཁོང་གིས་སྨར་པ་དང་ཤོ་དགོན་གཉིས་ཉག་རེ་བ་ཡིན་པའི་རྩོད་པ་དེ་ཆད་སོང་། དེ་ནས་ཁོང་གིས་རྔ་དང་། ཌ་རུ་། སྐུ་འདྲ། བྲག་ཕུག་སོགས་པར་འགའ་ཤས་བསྟན་ནས་སྨར་ཚང་གི་མནའ་རྫས་ཀྱིས་ཁ་གྲག་ཡོད་ཅེས་ཉིན་མ་གཉིས་གསུམ་ལ་རྩོད་སོང་བར་ངས་ཀྱང་རེ་རེ་བཞིན་སུན་ཕྱུང་བ་ཡིན། ངས་སྨར་ཚང་གི་མནའ་རྫས་ལ་དཔྱད་པ་ཕ་ལམ་དཀར་པོ་ཞེས་པ་ཞིག་བྲིས་ཡོད་པས་ལྟ་བ་འདོད་ན་དེར་གཟིགས་པར་མཛོད། དེ་ནས་ཁོང་གིས་ཟློག་པ་བྲིས་ནས་ང་ལ་ཟློག་པ་བརྒྱབ་སོང། ཁོང་གིས་མཐུ་ཤེས་ན་ང་ལ་མཐུ་བརྒྱབ་ནས་གསོད་ཐག་ཆོད་རེད་འདུག་སྙམ།                                                                            

དེ་ནས་ཁོང་གིས་ཉིན་མ་འགའ་ཤས་རིང་སྒེར་ལ་མི་གཤིས་སྐྱོན་བརྗོད་བྱས་ནས་ངའི་མིང་བྲིས་དགོས་ཚད་སྤྲུལ་སྐུ་རྫུན་མ་ཞེས་བྲིས་ནས་གོ་ཚད་རིག་ཚད་རྩོད་བྱུང་བར། ངས་ཀྱང་ཁོང་གི་མིང་བྲིས་དགོས་ཚད་མ་ནིང་ཞེས་བྲིས་ནས་རྩོད་པ་ཡིན། མ་ནིང་ཞེས་པ་ནི་ཁོང་སྐྱེས་དུས་བུད་མེད་ཡིན་ཡང་བུ་ལ་འགྱུར་སོང་བ་རེད་ཅེས་བཤད་པ་དང་འདྲ་བོ་སྣང་སྟེ། ང་ཚོ་གྲྭ་གསར་བསྡད་དུས་ཁོང་གི་ལུས་ཁམས་བུད་མེད་ཀྱི་རྩ་ཡིན་པ་དང་བསམ་བློ་བུ་ཡིན་པར་ངས་ཀྱང་ཤེས་པས་དེ་ལྟར་བྲིས་པ་ཡིན། ངས་ཁོང་ལ་ངན་པ་དགུ་འཛོམས་ཞེས་དགུའི་གྲས་སུ། མགོ་ལ་རལ་པ་མེད་པའི་མུ་སྟིགས་པ། བདུད་སྡིག་ཏོ་ཅན་དགེ་སློང་གི་ཆ་བྱད་ཅན། ལྟ་བ་ལོག་ཀྱང་ཆོས་པའི་གཟུགས་བརྙན་ཅན། ཞེས་སོགས་བགྲངས་པས་ཁོང་ཐུགས་ཁྲོས་ནས་ལྟ་བ་ལོག་པའི་ཁུངས་སྐྱེལ་ར་འཕྲོད་དགོས་ཞེས་ངར་ངར་ཕད་ཕད་བྱས་སོང་བར། ངས་ཐལ་རྟགས་འདི་འདྲ་ཞིག་གིས་ཁོང་ཆམ་ལ་ཕབ་པ་ཡིན། དགེ་བཤེས་འཇམ་ནོར་ཆོས་ཅན། ནང་པ་སངས་རྒྱས་པའི་ལྟ་ལོག་ཡིན་ཏེ། སྐྱེ་བ་སྔ་ཕྱི་ཡོད་པ་ཁས་མི་ལེན་པའི་ཕྱིར། རྟགས་ཁྱབ་ཅིག་ཅར་དུ་ཁེལ། དེ་ཐལ། ཁྱོད་ཀྱིས་སྐྱེ་བར་སྔ་མ་ནས་འདི་འོང་ཞིང་འདི་ནས་སྐྱེ་བ་ཕྱི་མར་འགྲོ་བའི་རྣམ་ཤེས་མེད་པར་འདོད་པའི་ཕྱིར། ཞེས་ཐལ་རྟགས་འདིར་ལན་ཐོངས་ཞེས་ཉིན་མ་གསུམ་ལ་རྗེས་འདེད་བྱས་ནས་བཀར་ཡང་ལན་ཚིག་གཅིག་མེད་པར་རི་བོང་གི་ཀླད་པ་ཉི་མས་དྲོན་པ་ལྟར་ཡིབ་ནས་སྡོད་པ་རེད། ལོས་སྡོད། རྟགས་མ་གྲུབ་ཟེར་ན། ཁོང་གིས་ཡོད་ཚད་རང་འབྱུང་གིས་བཀོད་སྒྲིག་ཡིན་ཞེས་ཁ་ཕོ་ཆེན་པོས་བཤད་པའི་ལྟ་གྲུབ་ཀྱི་རྐུབ་ཡོངས་སུ་བརྡོལ་བར་ངེས་པར་མཐོང་བས་རེད། ཁྱབ་པ་མ་བྱུང་ཟེར་ན། སྐྱེ་བ་སྔ་ཕྱི་མེད་པར་འདོད་པའི་ནང་པ་སངས་རྒྱས་པ་ཞིག་ཡོད་ཟེར་དགོས་པས་རེད། ཁྱོད་ཀྱིས་སང་ཉིན་བརྡ་ལན་མེད་ན། ཁྱོད་ཕམ་པའི་བརྟགས་ཡིན་ཞེས་མཐའ་ཚིིག་ལན་གསུམ་སྒྲག་ཀྱང་རྡོ་ལ་ཟེར་བ་ལྟར་ལན་ཅི་ཡང་མ་སྨྲ་བར་སྡོད་པ་རེད། སང་ཉིན་ཡང་སྐྱར་དྲིས་ཀྱང་ལན་མི་འདུག་པས་རྩོད་མཚམས་བཞག་པ་ཡིན།    འདིར་སྨྲས་པ།                                             

ས་ལ་ལྷུང་བའི་གད་རྙིག་དེ། །གནམ་ལ་འཕུར་ཡང་གད་རྙིག་རེད། །                                              

འུར་ཤོད་ལུང་པ་གང་བ་དེར། །བདེན་པ་བརྡར་ན་སྟོང་པ་རེད། །ཞེས་ངལ་བསོས་པའི་གཏམ་མོ། །                                              

 དེ་ནས་ལོ་རྙིང་མ་རྫོགས་ནས་ལོ་གསར་པ་ཤར་བའི་དུས་སུ་སངས་རྒྱས་ཞལ་བཞུགས་དུས་བཀའ་འགྱུར་མང་པོ་ཞིག་ཡིག་ཐོག་བྲིས་ཡོད་ཚུལ་དཔྱད་རྩོམ་ཞིག་བྲིས་པས། སྨར་ཁམས་པ་དགེ་བཤེས་ཤིག་གིས་བཞི་བརྒྱ་པའི་སྐད་འཕྲིན་ནང་དུ་བཏང་འདུག་པ་ལ། དགེ་བཤེས་ངག་གི་དབང་ཕྱུག་གིས་དགག་པ་ཟ་རི་ཟི་རི་ཞིག་བྲིས་འདུག་པར་དགག་ལན་དུ། ལེགས་བཤད་གསེར་གྱི་ཕྲེང་བ་ཞེས་པ་ཞིག་བྲིས་ནས་ཕུལ་བས། ཁོང་ང་རྒྱལ་གྱི་མེ་འབར་ནས་གཞི་མེད་ཉེས་འཛུགས་རེ་རེའི་མཇུག་ཏུ་ཧ་ཧ་ཧུ་ཧུ་ཞེས་ལྷ་གནས་ཆུང་ཕེབས་པ་འདྲ་བོ་དང་། བྱའུ་ཡི་ཚང་ལ་རྡོ་འཕངས་པ་ལྟར་ཙེ་སྒྲ་ལུང་པ་གང་གྲག་འདུག་པར་གད་མོ་ཤོར་ནས་སྡོད་རྒྱུ་ལས། ལུང་རིག་གིས་རྩོད་ཟླ་འོས་པའི་རྣམ་དཔྱོད་གཏན་ནས་མེད་པར་མཐོང་སྟེ་ཅི་ཡང་མ་རྩོད། ད་ལྟ་གངས་ཅན་པ་མཁས་དབང་ཚོས་ཁོང་གཉིས་ལ་རྩོད་དྲག་ན། དགེ་བཤེས་གཉིས་སྐུ་གསོན་པོ་དོལ་རྒྱལ་གསུམ་པ་རེད་པའི་ཉེན་ཁ་མཐོང་བས་རྩོད་པ་ཇི་ཉུང་དགོས་པས་འབོད་བསྐུལ་ཞུས་ཀྱིན་ཡོད། འདི་གཉིས་གཅིག་གིས་ལུང་འབོག་རྒྱུ་མེད་པར་སྒྲུབ་པ་རེད། གཅིག་གིས་སྐྱེ་བ་སྔ་ཕྱི་མེད་པར་སྒྲུབ་པ་རེད། འདིའི་རིགས་ལ་རབ་འབྱོར་གྱིས་དྲིས་ལན་དུ་སངས་རྒྱས་ཀྱིས་ལུང་བསྟན་པའི་ཁྱད་ཆོས་མང་པོ་ཞིག་ཚང་ཡོད་དེ།                                                              

ཤེས་ཕྱིན་གྱི་མདོ་ལས། རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དགེ་སློང་གི་ཆ་བྱད་དུ་བྱས་ཤིང་། ཅི་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སུ་ཡང་འདྲི་བར་མི་འགྱུར་བ་དང་། ལུང་འབོག་པར་མི་འགྱུར་བ་དང་། ཁ་ཏོན་བྱེད་པར་མི་འགྱུར་བ་དང་། ཚུལ་བཞིན་ཡིད་ལ་བྱེད་པར་མི་འགྱུར་བ་དེ་ལྟ་དེ་ལྟར་ཐབས་ལ་སྦྱོར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ཅི་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་སུ་ཡང་འདྲི་བར་མི་འགྱུར་བ་དང་། ལུང་འབོག་པར་མི་འགྱུར་བ་དང་། ཁ་ཏོན་བགྱིད་པར་མི་འགྱུར་བ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པར་མི་འགྱུར་བ་དེ་ལྟ་དེ་ལྟར་ཐབས་ལ་སྦྱོར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བདུད་སྡིག་ཏོ་ཅན་དག་དགེ་སློང་གི་ཆ་བྱད་དུ་བྱས་ཤིང་འདི་སྐད་དུ། ངེད་ཀྱིས་ཇི་ལྟར་ཁོང་དུ་ཆུད་པ་འདི་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཡིན་ཏེ། ཇི་སྐད་དུ་ཁྱོད་ཀྱི་ཀློག་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མ་ཡིན་ནོ། །ཞེས་དབྱེན་བྱེད་ཅིང་ཟློག་ལ་མོས་པ་མེད་པར་བྱེད་དོ། །རབ་འབྱོར་དེ་ལ་བདུད་སྡིག་ཏོ་ཅན་གྱིས་དེ་ལྟར་དབྱེན་བྱས་པའི་ཚེ། བྱང་ཆུབ་སེམས་དཔའ་གང་ལུང་མ་བསྟན་པ་དེ་དག་ནི་ཐེ་ཚོམ་སྐྱེ་བར་འགྱུར་ཏེ། དེ་དག་ཐེ་ཚོམ་དུ་གྱུར་ནས། ཤེས་ཀྱི་ཕ་རོལ་དུ་ཕྱིན་པ་འདི་མི་འདྲི་བར་གྱུར། མི་ཀློག་པར་འགྱུར། ལུང་མི་འབོག་པར་འགྱུར། ཁ་ཏོན་མི་བྱེད་པར་འགྱུར། མི་སྒོམ་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་མི་བྱེད་པར་འགྱུར། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །ཞེས་མ་འོང་ལུང་བསྟན་པའི་བདུད་རྣམས་ད་ལྟ་བོད་ལ་ཡོང་དང་ཡོང་བཞིན་པར་སྣང་། སྐབས་སུ་བབས་པའི་སྨར་བྲག་གཉིས་ཀྱི་ལོ་རྒྱུས་ཀྱི་རྩོད་པ་འདིར་བྲག་གཡབ་བ་བློ་གཟུར་བོ་གནས་པ་དག་གིས་དོན་ཆེན་མཐོང་བ་འདུག་ན། སྨར་ཚང་པ་གངས་རི་ཀརྨ་དང་། བྲག་གཡབ་ཆེན་ཚང་གཉིས་ཡུལ་དུས་གཅིག་ལ་ལྷན་འཛོམས་བྱས་ནས་ཐག་གཅོད་མ་བྱེད་བར་དགོས་མེད་ཀྱི་འཆལ་གཏམ་སྨྲ་བ་ལ་ལན་འདེབས་བྱ་རྒྱུ་མིན། བླ་མ་གཉིས་འཛོམས་ནས་ཐག་གཅོད་འདོད་ཡོད་ན་སྨར་ཚང་བཀའ་བརྒྱུད་ལས་ཁུངས་ལ་འབྲེལ་གཏུག་གནང་རོགས།  འདིར་སྨྲས་པ།  

ཡེ་ནས་མེད་ལ་ཡོད་པའི་རེ་བའི་གཏམ། །ཇི་སྲིད་འུར་ཡང་སོབ་ཀྱི་ཝུ་ལ། །

འཇུས་ན་ཡེར་མོར་གྱུར་བ་མ་ཤེས་པས། །ད་དུང་བདེན་པ་རེ་འདི་འོ་རེ་བརྒྱལ། །

 གཞན་གྱི་བྱ་བ་མཐོང་དུས་ཕྲག་དོག་གིས། །ཁོང་ནས་ཁྲོས་ཤིང་སྡང་སེམས་མེ་འབར་བའི། །སྦྱོར་བ་རྩུབ་པོའི་བསམ་པ་མྱུར་ཞིག་ནས། །འཚེ་བ་མེད་པའི་ལམ་དུ་འཇུག་གྱུར་ཅིག །ཅེས་སྨར་བྲག་འཁྲུལ་སྤོང་བདེན་གཏམ་ཞེས་པ་འདིའི་བརྗོད་བྱ་དང་རྗོད་བྱེད་རྣམས་སྐྱར་དུ་ཅུང་ཟད་བཅོས་ནས་སྨར་ཚང་བསྟན་པའི་བརྒྱུད་འཛིན་སོ་བརྒྱད་པ་གངས་རི་ཀརྨ་འཕྲིན་ལས་རྒྱ་མཚོས་ཕྱི་ལོ་༢༠༡༩་ཟླ་བ་༢་ཚེས་༡༥་ལ་བྲིས་སོ། །འདི་བཀོད་པའི་ཡིག་ཕྲེང་རྣམས་སྨར་ཚང་ལས་ཁུངས་ལ་བདག་དབང་ཡོད་པས་ཆོག་མཆན་མེད་པར་འདྲ་ཤུལ་མི་རུང་བར་མཁྱེན་པར་མཛོད། །