འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེས་གཟེངས་རྟགས་བཞེས་བཞིན་པ།
དབྱིན་ཇིའི་རྒྱལ་ཁབ་དུ་ཆོས་ལུགས་སྣ་ཆོགས་ཀྱི་ཆོས་ཚོགས་༤༩༨༨༡་ཡོད་པའི་ནང་ནས་འདི་ལོ་གཟེངས་རྟགས་ཐེངས་བདུན་པ་དེ་ཆོས་ཚོགས་༣༢་འདེམ་སྒྲུག་ནང་ནས་ནང་པའི་ཆོས་ལུགས་ནང་ནས་སྨར་ཚང་བཀའ་བརྒྱུད་འདེམ་སྒྲུག་བྱས་ནས་གཟེངས་རྟགས་ཕུལ་ཡོད་པ་རེད།
མཛད་སྒོའི་དངོས་གཞི།
སྐུ་མགྲོན་རྣམས་ཡར་བཞེངས་ནས་འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེ་ལ་དགའ་བསུ་ཞུས་ནས་ཕྱག་རྡེབ་བཞིན་པ།
འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེས་གཟེངས་རྟགས་བཞེས་བཞིན་པ།
དབྱིན་ཇིའི་རྒྱལ་ས་ལོན་གྲོན་ལ་སྨར་ཚང་བཀའ་བརྒྱུད་ལ་གཟེངས་རྟགས་ཕུལ་བཞིན་པ།
སྨར་ཚང་བཀའ་བརྒྱུད་ལ་གཟེངས་རྟགས་ཕུལ་བའི་མཛད་སྒོ།
དབྱིན་ཇིའི་རྒྱལ་ཁབ་དུ་ཡེ་ཤུ། ཧེ་ཏུང་། ཁ་ཆེ། ཇུན་ཤུ། ནང་པ་སོགས་ཀྱིས་གཞུང་འབྲེལ་དེབ་སྐྱེལ་བྱས་པའི་ཆོས་ཚོགས་༤༩༨༨༡་དང་རྒྱལ་ས་ལོན་གྲོན་ལ་ཆོས་ཚོགས་༢༢༠༠་ཡོད་པའི་ནང་ནས་ཆོས་ཚོགས་༣༢་འདེམ་སྒྲུག་བྱས་པའི་ནང་ནས་སྨར་ཚང་བཀའ་བརྒྱུད་འདེམ་སྒྲུག་བྱས་ཡོད་པ་རེད། ནང་པའི་ཆོས་ཚོགས་སྨར་ཚང་བཀའ་བརྒྱུད་གཅིག་པུ་་འདེམ་ཡོད་པ་རེད།
དབྱིན་ཇིའི་རྒྱལ་ཁབ་དུ་སྨར་ཚང་བསྟན་པའི་བདག་པོ་འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེ་ལ་གཟེངས་རྟགས་ཕུལ་བའི་མཛད་སྒོ།
ཕྱི་ལོ་༢༠༢༣་ཟླ་བ་༡༡་ཚེས་༢༡་ལ་སྨར་ཚང་བཀའ་བརྒྱུད་ལ་གཟེངས་རྟགས་ཕུལ་བའི་སྐབས་ཀྱི་སྐུ་མགྲོན་རྣམསམ་ཀྱི་པར།
འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེའི་བཀའ་སློབ།
འགྲོ་མགོན་༧གངས་རི་ཀརྨ་རིན་པོ་ཆེ་མཆོག་གིས་ཕྱི་ལོ་༢༠༠༨་དབྱིན་ཇིའི་རྒྱལ་ས་ལོན་གྲོན་ལ་བཀའ་སློབ་གནང་བཞིན་པ།

འབྲེལ་གཏུགས།

སྐུ་ཉིད་སྨཪ་ཚང་བཀའ་བརྒྱུད་ལས་ཁུངས་ལ་འབྲེལ་གཏུགས་གནང་བར་ཐུགས་རྗེ་ཆེ། ང་ཚོའི་ཁྱོད་རང་གི་རེད་འདོད་དང་དམིགས་ཡུལ་གང་ཡིན་པ་དེ་དུས་ཐོག་ཕུལ་ཐུབ་པ་ཞུ་རྒྱུ་ཡིན། གནོན།

སྨར་ཚང་བཀའ་བརྒྱུད་ཀྱིས་དབྱིན་ཇི་དང་ཐེ་ཝན་ལ་ལོ་རྟག་ཆོས་ཕྱོགས་ཀྱི་བྱེད་སྒོ་གཏན་ཁེལ་བའི་རིགས་རྣམས་བཤམ་དུ་ངོ་སྤྲོད་མདོར་བསྡུས་ཞུ་ཡོད་པས་གཟིགས་རོགས། གལ་ཏེ་དོག་འདྲི་དགོས་ངེས་མཐོང་ཚེ་ཁ་བྱང་ཐོག་འབྲེལ་གཏུགས་གནང་རོགས། །

Read more ...
  • ཐེ་པེ་ཆོས་ཚོགས།
    ཐེ་པེ་ཆོས་ཚོགས།

     

     

    ༧འགྲོ་མགོན་གངས་རི་ཀརྨ་མཆོག་གིས་ཕྱི་ལོ་༢༠༠༡་ལ་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ལ་གསར་དུ་བསྐྲུན་པའི་སྙིང་རྗེ་ཀུན་ཁྱབ་གླིང་ཞེས་པའི་ཆོས་ཚོགས། 

  • གངས་རི་ཀརྨ།
    གངས་རི་ཀརྨ།

     

     

    འགྲོ་མགོན་༧གངས་རི་ཀརྨ་རིན་པོ་ཆེ།

  • གངས་རི་ཀརྨ།
    གངས་རི་ཀརྨ།

     

     

    འགྲོ་མགོན་༧གངས་རི་ཀརྨ་རིན་པོ་ཆེས་བཞེངས་པའི་བཤད་གྲྭའི་ཐོག་ཏུ་གཟིམ་ཤག་ནང་རྩོམ་བྲིས་བཞིན་པ། 

  • ཐེ་ཝན་ལ།
    ཐེ་ཝན་ལ།

     

     

     

    འགྲོ་མགོན་༧གངས་རི་ཀརྨ་རིན་པོ་ཆེ་མཆོག་མཛད་སྒོར་ཐོག་ཕེབས་བཞིན་པ། 

  • སྨར་ཁམས་གྱི་སློབ་གྲ༎
    སྨར་ཁམས་གྱི་སློབ་གྲ༎

     

     

    འགྲོ་མགོན་༧གངས་རི་ཀརྨ་རིན་པོ་ཆེས་ཕྱི་ལོ་༡༩༩༣་ལོར་ལེགས་གྲུབ་བྱུང་བའི་ཀུན་ཕན་གསོ་སྐྱོང་སློབ་གྲྭ་ཡིན། 

  • ཐེ་ཀྲོང་ཆོས་ཚོགས།
    ཐེ་ཀྲོང་ཆོས་ཚོགས།

     

    འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེས་ཐེ་ཀྲོང་ལ་བཞེངས་པའི་ཆོས་ཚོགས་མཛད་སྒོ་གནང་བཞིན་པ། 

  • ཐེ་ཀྲོང་ཆོས་ཚོགས་གསར་པ།
    ཐེ་ཀྲོང་ཆོས་ཚོགས་གསར་པ།

     

     

    འགྲོ་མགོན་༧གངས་རི་ཀརྨ་རིན་པོ་ཆེས་ཐེ་ཀྲོང་ལ་གསར་དུ་བཞེངས་པའི་ཆོས་ཚོགས་ལ་བཀའ་སློབ་གནང་བཞིན་པ། 

  • ཐེ་ཀྲོང་ཆོས་ཚོགས།
    ཐེ་ཀྲོང་ཆོས་ཚོགས།

     

    འགྲོ་མགོན་༧གངས་རི་ཀརྨ་རིན་པོ་ཆེས་ཐེ་ཀྲོང་ཆོས་ཚོགས་ལ་ཞེ་པ་བཞི་བྲལ་གསུངས་བཞིན་པ།

  • ཞི་བདེ་དེད་དཔོན།
    ཞི་བདེ་དེད་དཔོན།

     

     

    ཕྱི་ལོ་༡༩༩༧་ལོ་འགྲོ་མགོན་༧གངས་རི་ཀརྨ་རིན་པོ་ཆེ་མཆོག་སླར་བྲོས་འབྱོར་སླེབས་དུ་༧རྒྱལ་དབང་བཅུ་བཞི་པ་དང་མཇལ་འཕྲད་གནང་བ།

 

ཆོས་ལུགས་ཀྱི་ཐོབ་ཐང་འདྲ་མཉམ་ལོངས་སྤྱོད་པའི་དབྱིན་ཇིའི་རྒྱལ་ཁབ་འདི་ལ། ཡེ་ཤུ་དང་། ཧེ་ཏུང་། ཁ་ཆེ། ནང་པ་སོགས་གཞུང་འབྲེལ་དེབ་སྐྱེལ་བྱས་པའི་ཆོས་ཚོགས་༤༩༨༨༡ ཡོད་ཅིང་། རྒྱལ་ས་ལོན་གྲོན་ལ་ཆོས་ཚོགས་༢༢༠༠ ཡོད་པ་རེད། དབྱིན་ཇིའི་རྒྱལ་་པོ་ King Charles ཕྱྭ་ལི་སི་ཡིས་བཙུགས་པའི་the Faith &Belief Forum ཞེས་པའི་ལུགས་ཀྱི་གཟེངས་རྟགས་ཚོགས་པ་འདིས། ཕྱི་ལོ་༢༠༢༣ ལོ་ཟླ་བ་༡༡ ཚེས་༢༡ ལ་གཟེངས་རྟགས་ཐེངས་བདུན་པ་འདི་ཆོས་ཚོགས་༣༢ འདེམ་སྒྲུག་བྱས་པ་ནང་ལ། སྨར་ཚང་བཀའ་བརྒྱུད་རྟག་བརྟན་ཕུན་ཚོགས་གླིང་ཡང་འདེམ་སྒྲུག་བྱས་ཡོད་གསུངས་སོང། གཟེངས་རྟགས་འདི་ཆོས་ལུགས་སོ་སོའི་ལྟ་གྲུབ་དང་། རིགས་གཞུང་། གོམས་སྲོལ་སོགས་ཐབས་སྣ་ཚོགས་ལ་བརྟེན་ནས་ཡུལ་འདི་མི་རྣམས་ལ་ཕན་པའི་ལས་དོན་གྱི་གྲུབ་འབྲས་གཟེངས་སུ་ཐོན་པའི་དཔང་རྟགས་ཕུལ་བ་ཡིན་ཞེས་འགྲེལ་བརྗོད་གནང་། སྨར་ཚང་བཀའ་བརྒྱུད་ལ་གཟེངས་རྟགས་ཕུལ་བ་འདི་མདོར་བསྡུས་ན་གཉིས་སུ་ངེས་ཡོད། དང་པོ་ནི། ཡུལ་འདིར་ནང་པ་སངས་རྒྱས་པའི་ཆོས་ཀྱི་སྲོལ་བརྒྱུད་རྙིང་མའི་ཐབས་ལམ་ལ་བརྟེན་ནས་ལོ་བཅུ་ཕྲག་གཅིག་ལྷག་གི་རིང་ལ། སྡེ་ཚན་རེ་ལ་ལོ་གསུམ་དང་ཕྱེད་ཀའི་སློབ་ཚན་མཐར་ཕྱིན་པ་ཁྲིད་ནས་གྲུབ་དོན་ལག་འཁྱེར་སྤྲོད་ཅིང། ཉམས་ལེན་གྱི་རིམ་པ་ཡང་སྲོལ་བརྒྱུད་ལྟར་ཁྲིད་པ་འདི་གཞན་ལས་ཁྱད་པར་འཕགས་པ་ངོས་འཛིན་ཞུས་ནས་གཟེངས་རྟགས་ཕུལ་བ་ཡིན་ཞེས་གསུངས། གཉིས་པ་ནི། གཏོག་དབྱིབས་ནད་དུག་གི་སྐབས་སུ་སློབ་རྒན་ཚོས་ཆོས་ལུགས་རིས་མེད་ཀྱི་མི་རྣམས་སེམས་ཁམས་ཞི་བ་ལ་གནས་པའི་ཕྱིར་ཏུ། དྲན་པ་དབྱུག་ལ་གཏད་པ། དྲན་པ་ལུས་ལ་གཏད་པ། དྲན་པ་ཚོར་བ་ལ་གཏད་པའི་ཐབས་ལམ་ལ་བརྟེན་ནས་ལོ་གཉིས་ཀྱི་རིང་སྒོམ་ཁྲིད་རྒྱུན་སྐྱོང་བས་མི་མང་པོ་ཞིག་གི་སེམས་ཁམས་ལྷོད་དུ་འབབ་པ། སྐྱོ་སྣང་བསང་བ། འཇིགས་སྣང་ཞི་བ་སོགས་གྲུབ་འབྲས་ཆེན་པོ་ཐོན་པ་ངོས་འཛིན་ཞུས་ནས་གཟེངས་རྟགས་ཕུལ་བ་ཡིན་ཞེས་འགྲེལ་བརྗོད་གནང་སོང། དེ་རིང་གཟེངས་རྟགས་ཐོབ་པའི་ཆོས་ཚོགས་༣༢ ནང་ནས་སྐྱར་དུ་ཆོས་ཚོགས་༨ འདེམ་སྒྲུག་བྱས་ནས་ཚེས་༢༢ ལ་དམིགས་གསར་གྱི་བཅར་འདྲི་ཞུ་རྒྱུ་ཡིན་ཞེས་བརྡ་འཕྲིན་འབྱོར་སོང་བས། ང་ཚོའི་སློབ་མ་ཞིག་གིས་བཅར་དྲི་ལེན་འདེབས་བྱས་པ་རྣམས་ཚོགས་པ་དེའི་དྲ་ལམ་དུ་རིམ་བཞིན་འགོད་རྒྱུ་ཡིན་གསུངས། འདི་ནི་སྨར་ཚང་བསྟན་པའི་བདག་པོ་༧ འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེས་ཕྱི་ལོ་༢༠༠༨ ལོ་ལོན་གྲོན་ལ་སྨར་ཚང་བཀའ་བརྒྱུད་རྟག་བརྟན་ཕུན་ཚོགས་གླིང་ཕྱག་བཏབ་པ་ནས་བཟུང་ལོ་ངོ་བཅུ་ཕྲག་གཅིག་ལྷག་གི་རིང་ཉིན་མཚན་དབྱེར་མེད་འབད་བརྩོན་བྱས་པ་དང་། སྲི་ཞུ་ལས་བྱེད་ཚོས་ཀྱང་ལྷག་བསམ་བཟང་པོ་ཀུན་ནས་སླངས་ནས་འགྲོ་སོང་ཆེ་ཆུང་ཐམས་ཅད་སོ་སོའི་བཏང་ནས་འབད་བརྩོན་བྱས་པའིི་གྲུབ་འབྲས་གཟེངས་སུ་ཐོན་པའི་དཔང་རྟགས་གནང་བ་ལ་བརྟེན་ནས། སྲི་ཞུ་བ་རྣམས་སླར་ཡང་སེམས་ཤུགས་དང་སྙིང་སྟོབས་བསྐྱེད་པ་ལ་ཕན་ཐོག་ཆེན་པོ་བྱུང་སོང་བས། སྨར་ཚང་རྟག་བརྟན་ཕུན་ཚོགས་གླིང་གི་ལས་ཁུངས་ནས་དྲང་བདེན་གྱི་ལས་ལ་བརྩོན་པའི་the Faith &Belief Forum ཚོགས་པ་འདིའི་དབུ་ཁྲིད་དང་། ཉམས་ཞིབ་པ། ལས་བྱེད་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེན་ཞུས་ཀྱིན་ཡོད།

 

 

             

                                               དང་པོ་རྗེ་སྨར་པའི་རྣམ་ཐར་སྙིང་བསྡུས།

ཆོས་རྗེ་སྨར་པ་རིན་པོ་ཆེ་དབུས་ལ་ཕེབས་ནས་བཀའ་གདམས་པའི་གདན་ས་གསང་ཕུ་ནེའུ་ཐང་གི་བཤད་གྲྭར་ཞུགས་ནས་ཚད་མ་ལ་མཁས་པ་དགེ་བཤེས་ཕྱྭ་བ་ཆོས་ཀྱི་སེངྒེ་དང་།  དབུ་མ་ལ་མཁས་པ་དགེ་བཤེས་གཙང་ནག་པ་བརྩོན་འགྲུས་སེངྒེ་། འདུལ་བ་ལ་མཁས་པ་དགེ་བཤེས་བྱ་འདུན་འཛིན་པ་བརྩོན་འགྲུས་འབར་སོགས་བཀའ་གདམས་པའི་མཁས་གྲུབ་མང་པོའི་ཞལ་ལས་ཚད་མ། འདུལ་བ། མཛོད། ཤེེར་ཕྱིན། དབུ་མ་སོགས་གཞུང་ཆེན་ཁག་ལ་སྦྱངས་པ་མཐར་ཕྱིན་པའི་མཁས་པ་ཆེན་པོར་གྱུར།  རྗེ་ཕག་གྲུ་སོགས་བླ་མ་མང་པོའི་ཞལ་ལས་བཀའ་བརྒྱུད་པ། ས་སྐྱ་པ། ཞི་བྱེད་པ། རྙིང་མ་པ་སོགས་ཀྱི་གསང་སྔགས་ཀྱི་ཆོས་བསྐོར་མང་པོ་གསན་ནས་སྒོམ་སྒྲུབ་བྱས་པས་རྟོགས་པ་དགའ་རབ་སོན་པ་དང་བླ་མས་བཀའ་ལུང་བཞིན་སླར་སྨར་ཁམས་གསེར་མོ་ལྗོངས་སུ་ཕེབས་པར་མཛད།  

                                            གཉིས་པ་ཤོ་དགོན་གྱི་ལོ་རྒྱུས་སྙིང་བསྡུས།

ཡུལ་ལ་ཀླུ་མི་མགོན་དཀར་པོའི་ཕོ་བྲང་དང་སྡེ་ལ་རུ་ཤོད་ཉ་མོ་སྟོང་སྡེ་ཞེས་གྲགས་པའི་ཁྱབ་ཁོངས་སུ། འདམ་སྟེང་དགེ་རྒྱས་ཀྱི་རི་བོ་སྒྲོལ་མ་འདྲ་བའི་དབྱིབས་ཅན་གྱི་ངོས་སུ། ཕྱི་ལོ་༡༡༦༧་མེ་ཕག་ལོ་གདན་ས་ཆེན་པོ་དཔལ་ལྡན་བཀྲ་ཤིས་དགོན་པ་ཕྱག་བཏབ་པས། རིམ་བཞིན་བསླབ་པ་དོན་གཉེར་ཅན་ཇི་མང་དུ་བྱོན་པས་དགེ་འདུན་རྣམས་ལ། ཕྱྭ་བ་ཆོས་ཀྱི་སེང་གེས་མཛད་པའི་བསྡུས་གྲྭ།  ཚད་མ། འདུ་བ། མཛོད། ཤེར་ཕྱིན་གྱི་གཞུང་། དབུ་མའི་གཞུང་བཅས་གཞུང་ཆེན་ལྔ་དང་། བོད་ཀྱི་མཁས་གྲུབ་དག་གིས་མཛད་པའི་འགྲེལ་བ་རྣམས་ལ་ཐོས་བསམ་སྒོམ་གསུམ་གྱི་ལམ་སྲོལ་བཟང་པོ་རྣམས་རྒྱུན་སྤེལ་མཛད་པས་མཁས་པ་མང་དུ་བྱོན། བཀའ་བརྒྱུད། ས་སྐྱ་པ། ཞི་བྱེད་པ། རྙིང་མ་པ་སོགས་ཀྱི་གསང་སྔགས་ཀྱི་ཆོས་བསྐོར་རྣམས་གདུལ་བྱ་སོ་སོའི་བློ་རིག་ལ་བསྟུན་ནས་རིགས་གཅིག་རྐང་འཛིན་ལྟ་བུ་གདམས་ཆོས་སྦྱིན་ཞིང་། ལྷག་པར་དུ་ཁོང་གིས་སྒོམ་སྒྲུབ་ཉམས་ལེན་གྱི་མྱོང་བ་མངོན་ཐོན་དང་བླ་མའི་མན་ངག་གི་སྙིང་བཅུད་དུ་གྱུར་པ། ལམ་རིམ་དང་ཕྱག་ཆེན་གཉིས་རྩལ་ཏུ་བཏོན་ནས། རི་བོའི་སུལ་དང་། བྲག་རིའི་ཕུག་དང།  ལྗོང་ཤིང་གི་དྲུང་སོགས་ལ་སྒོམ་སྒྲུབ་རྩེ་གཅིག་དགོས་པའི་ལམ་སྲོལ་བཏོད། དགེ་འདུན་པས་རྔ་རྡུང་དང་བུམ་དཀྲོག།  ཀླུ་མཆོད་དང་ལྷ་འབོད། དབང་བསྐུར་དང་རོ་བསྲེག་སོགས་ཉམས་ལེན་ལ་བར་ཆོད་བྱུང་སྲིད་པའི་རིགས་རྣམས་ཡོངས་སུ་བཀག་པར་མཛད། དེ་ནི་རྗེ་ཕག་གྲུ་དང་ཞལ་བྱེ་ཁར་སླབ་བྱ་དང་ལུང་བསྟན་ཞུས་པས། དབང་བསྐུར་དང་རོ་བསྲེག་ཆོག་མ་བྱེད་གསུངས་པས་བླ་མ་ལ་སྒྲུབ་པའི་མཆོད་པ་ཡིན་སྲིད། གདན་ས་འདི་ཐོས་བསམ་སྒོམ་གསུམ་ལ་བརྩོན་པའི་དགེ་འདུན་གཉིས་སྟོང་ནས་རིམ་བཞིན་ཁྲི་ལས་བརྒལ་བར་བྱུང་བས། བླ་མ་ལ་གནས་མིང་གི་ཆ་ནས་སྨར་པ་རིན་པོ་ཆེ། ཆོས་བརྒྱུད་ལ་གནས་མིང་གི་ཆ་ནས་སྨར་ཚང་བཀའ་བརྒྱུད། དགོན་པ་ལ་གནས་མིང་གི་ཆ་ནས་བཀྲ་ཤིས་ཤོ་དགོན་ཞེེས་སྙན་གྲགས་ཀྱི་ཆོས་དུང་མ་བོས་རང་གྲགས་སུ་གྱུར།               

                                          གསུམ་པ་ཙོམ་མདོ་དགོན་པའི་ལོ་རྒྱུས་སྙིང་བསྡུས།

རྗེ་འགྲོ་མགོན་རིན་ཆེན་གྱིས་ཕྱི་ལོ་༡༢༠༠་ལོ་སྨར་ཁམས་རུ་ཤོད་ཙོམ་མདོ་ཞེས་པའི་གནས་རི་ནོར་བུ་སྤུངས་པ་ལྟ་བུ་ཞིག་ལ་དགོན་པ་བཏབ་པས་ཙོམ་མདོ་གནས་གསར་དགོན་པ་ཞེས་གྲགས། གདན་ས་འདིས་ཐོས་བསམ་སྒོམ་གསུམ་སོགས་ཆོས་ཁྲིམས་ཐམས་ཅད་རྗེ་སྨར་པའི་དགོངས་པ་ཇི་བཞིན་བསྐྱངས་པར་མཛད། དགེ་འདུན་སྟོང་ཕྱེད་གཉིས་ལས་བརྒལ་བར་བྱུང་ཞིང། འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྤྲིང་ཡིག་ལས། སྨར་ཁམས་ཙོམ་མདོ་གནས་གསར་གཙུག་ལག་ཁང་ཞེས་བྲིས་སྲོལ་ཡོད། ཤོ་ཙོམ་ཉི་ཟླ་ཟུང་གཅིག་ཏུ་གྲགས་པའི་གདན་ས་འདི་གཉིས་ཀྱི་ཡན་ལག་ནི་སྨར་ཁམས་ཀྱི་ཡུལ་སྤྱི་དང། བྱེ་བྲག་ཏུ་སྨར་ཁམས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་གོ་ཇོ་དང་ཉག་རེ། གཞན་ཡང་སྡེ་དགེ་བ། འབལ་ཐང་བ། ལི་ཐང་བ། མི་ཉག་བ། ཁ་བ་དཀར་པོ།  འཇང་ཐང་བ། རྒྱལ་ཐང་བ། ས་ཐང་བ། རྒྱ་ནག་རི་པོ་རྩེ་ལྔ་སོགས་ལ་དགོན་པ་དང་ལྷ་ཁང་བརྒྱ་ཕྲག་མང་པོ་དར་ཁྱབ་གྱུར་བས། ཉི་ཟླ་དང་སྐར་ཚོགས་འདྲ་བའི་མཁས་པ། ཁྱུང་ཆེན་དང་རི་སྐྱེ་འདྲ་བའི་གྲུབ་ཐོབ་བགྲངས་བྱ་ལས་འདས་པ་བྱོན་པ་དག་གིས་སྐལ་ལྡན་གྱི་སློབ་མ་རྣམས་ཕན་བདེ་བསྐྲུན་པའི་ཕྱག་རྗེས་རེ་རེ་བཞིན་བརྗོད་ཀྱིས་མི་ལང་སྟེ། འཇམ་མགོན་ས་སྐྱ་པཎ་ཆེན་གྱིས་སྤྲིངས་ཡིག་ལས། དམ་པའི་གདན་ས་དགོས་འདོད་འབྱུང་བའི་གཞི། །རྟོགས་ལྡན་འཕགས་པའི་ཚོགས་ཀྱིས་རབ་གང་བ། །གྲུབ་པའི་གནས་མཆོག་ཤོ་དགོན་དབེན་གནས་སུ། །བཞུགས་པའི་འགྲོ་མགོན་རིན་ཆེན་ཕྱག་ཏུ་འབུལ། །ཞེས་གསུངས་པ་ལྟར་སྐབས་སུ་འབབ་པའི་དོན་སྙིང་དེ་ཙམ་གྱིས་ཆོག་པར་བྱས་སོ། །                  

                                             བཞི་པ་ཉམས་རྐྱེན་དོན་སྙིང་།

སྨར་ཚང་བཀའ་བརྒྱུད་ཀྱི་བསྟན་པ་འདི་སོག་པས་སྔ་ཕྱི་ལན་གསུམ་གནོད་འཚེ་ཕོག་ཅིང་། ལྷག་པར་ལན་གསུམ་པ་དེ་གཙང་པ་རྒྱལ་པོ་ཀརྨ་བསྟན་སྐྱོང་དང་གོང་ས་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་རྣམ་གཉིས་ཀྱིས་ཆོས་ལུགས་འཐབ་འཛིང་འོག་ཏུ་སོག་པོ་གུ་ཤཱི་ཁང་གིས། ཨ་མདོ་ནས་།  ཁམས། ལྷ་ས། གཙང་གི་བར་བཀའ་བརྒྱུད་པའི་དགོན་པ་རྣམས་དགེ་ལུགས་སུ་བསྒྱུར་འགོ་བཙུགས། སྐབས་དེར་ཁམས་ལ་བཀའ་བརྒྱུད་པའི་དགོན་སྡེ་ཆེན་ཤོས་སྨར་ཡེལ་གཉིས་ལ་གྱོང་གུད་འཚབ་ཆེན་ཕོག་ཅིང་། ལྷག་པར་སྨར་ཚང་བཀའ་བརྒྱུད་ཀྱི་གདན་ས་བཀྲ་ཤིས་ཤོ་དགོན་ལ་ལོ་ངོ་ཉི་ཤུའི་རིང་སོག་པོས་དམག་སྒར་བྱས་ཤིང། རིན་ཐང་བྲལ་བའི་གསུང་རབ་ཕལ་མོ་ཆེར་དྲང་སྲོང་མེ་ལྷའི་ཞལ་དུ་བཏང་བ་སོགས་རིགས་གནས་གསར་བརྗེ་དང་པོར་གྱུར།  ཕྱི་ལོ་༡༩༥༩་ལོ་གུང་ཁྲན་ཏང་གིས་བོད་ཁྱོན་ཡོངས་ལ་ཆོས་དང་རིགས་གཞུང་གཏོར་བའི་ཁྲོད་དུ། སྨར་ཚང་བཀའ་བརྒྱུད་ཀྱི་ཤུལ་ལུས་རྣམས་སྐྱར་དུ་འཐོར་བཤིག་སོང་བས་རིགས་གནས་གསར་བརྗེ་གཉིས་པར་གྱུར།   

                                                ལྔ་པ་དོགས་སེལ་སྙིང་བསྡུས།

བོད་ཀྱི་ནང་ཆོས་འདི་ཐེག་པ་གསུམ་དང་གྲུབ་མཐའ་བཞི་མདོ་སྔགས་གཉིས་ཀྱི་བརྒྱུད་པ་དང་མན་ངག་གི་ཆུ་བོ་འབྱུང་ཁུངས་ལ་རྗེས་དེད་བྱས་ན། རྒྱ་གར་ནས་བྱུང་བ་ཤ་སྟག་ཡིན་པ་ལས་བོད་པས་གསར་བཟོ་བྱས་པ་གཅིག་ཀྱང་མེད། ཡི་དམ་གྱི་ལྷ་དང་དབང་ལུང་མན་ངག་ཚད་ལྡན་རྣམས་ཀྱང་རྒྱ་གར་ནས་ཁུར་ཡོང་བ་འབའ་ཞིག་ཡིན་པ་ལས། བོད་པས་གསར་བཏོད་བྱས་པའི་ཡི་དམ་ལྷ་དང་དབང་ལུང་མན་ངག་ནི་གཅིག་ཀྱང་མི་སྣང། བོད་པས་རྒྱ་གཞུང་ཁག་ལ་འགྲེལ་བ་རྒྱས་བསྡུས་དང་རྒྱ་གཞུང་ལ་ཁུངས་བཅོལ་ནས་ས་བཅད་དབྱེ་བསྡུར་མི་འདྲ་བའི་རྩོམ་པོད་རི་རབ་ལྟར་ཡོད་ཀྱང་གསར་བཏོད་བྱས་པ་ཡིན་ཞེས་སྐད་གསང་མཐོན་པོ་སྒྲོག་ཕོད་མཁན་མེད་ལ། གལ་སྲིད་གསར་བཏོད་ཀྱི་རྣམ་པ་རེ་ཟུང་ཡོད་ནའང་ཚུལ་མཐོང་ཡུལ་ལས་འདས་པ་ཞིག་གིས་རྨི་ལམ་འོད་གསལ་ནས་སྩལ་བྱུང་ཟེར་བ་དང་། ཡང་ན་རྨི་ལམ་ནང་དུ་ཞིང་ཁམས་ག་གེ་མོར་ཁྲིད་ནས་གནང་བྱུང་ཞེས་ཁ་གཡར་ཅི་ཐུབ་བྱས།  དེ་ནི་ངས་བཟོ་བ་ཡིན་ཟེར་ན་རྟོག་བཟོ་དང་ཁུངས་མེད་རེད་ཅེས་དགག་པ་ཚ་ཐག་ཆོད་རེ་རྒྱག་པའི་ཉེན་ཁ་ལ་འཇིགས་པས་རེད། རྒྱ་གར་བ་བླ་མ་ཚོས་ཅི་གསུངས་ཚད་མ་དང་ཅི་བྱས་རྟོགས་སྤྱོད་ཡིན་ཤག་གིས་སྣང་བ་དག་ནས། རྟོག་བཟོ་ཡིན་མིན་ལ་དོགས་དཔྱོད་བྱ་རྒྱུ་དྲན་པ་ཞིག་ཀླད་ཡུལ་ལ་འཁོར་མེད་པ་ལྟ་བུ་བསམ་བློ་ཡ་མཚན་ཅན་མང་པོ་ཡོད།

 རྗེ་སྒམ་པོ་པའི་ལམ་རིམ་ཐར་རྒྱན་དང་། རྗེ་ཙོང་ཁ་པའི་ལམ་རིམ་ཆེན་མོ་སོགས་རྒྱ་གཞུང་དགོངས་འགྲེལ་གྱི་བསྟན་བཅོས་བརྩམས་ནས་བཟུང་རྒྱུད་པ་མར་དེད་འོང་བའི་གཞུང་རྣམས་ལ། ཁྲིད་ལུང་ལྡན་པའི་གདམས་ཆེན་ཞིག་ངོས་འཛིན་ནས་ཉམས་ལེན་མཐིལ་དུ་བཅངས་པ་ལས་རྟོག་བཟོ་དང་ཁུངས་མེད་རེད་ཅེས་དགག་པ་རྒྱག་སྲོལ་མེད། བརྩམས་པ་པོ་དག་གིས་ཀྱང་ཚིག་དུམ་རེ་རེའི་རྗེས་ལ་རྒྱ་གཞུང་གི་ལུང་རེ་དྲངས་པ་ནི། དོན་དངོས་རྟོག་བཟོ་བྱས་མེད་ཅེས་དཔང་བརྟགས་ཡང་ནས་ཡང་དུ་སྟོན་པ་ལྟ་བུ་ཡོད། འོན་ཏེ། སྐབས་རེ་རྗེས་འཇུག་རྣམས་ཀླད་པ་ཉི་མས་དྲོས་དུས། རྗེ་ག་གེ་མོས་མཛད་པའི་གསུང་རབ་ནི་འགྲན་ཟླ་བྲལ་བའི་གསར་རྩོམ་ཡིན་རབ་འུར་ཆིལ་ལེ་བཤད། དེ་ལ་སྣང་བ་མི་འགྲོ་མཁན་ཞིག་གིས་གསར་བཟོ་ཡིན་པ་ཐལ་ཞེས་ཐལ་བ་ཚག་སྒྲ་གྲག་པ་ཞིག་བརྡབས་ནས། རིག་པས་བཙིར་རྒྱུ་ཡིན་མདོག་མདོག་གི་རྣམ་འགྱུར་ཞིག་སྟོན་དུས། རྒྱ་གཞུང་ལ་མཛུབ་མོ་ཀེར་ཀེར་བཙུགས་ནས་དཔང་བརྟགས་འདི་ཡིན་ཞེས་མནའ་མ་བསྐྱལ་བ་ཙམ་བྱེད་སྲོལ་ཡོད།

རྗེ་མི་ལ་རས་པ་སོགས་བོད་པའི་གྲུབ་ཆེན་རྣམས་ཀྱིས་མགུར་གྱི་དབྱངས་རྟ་ལས་དྲངས་པའི་ཆོས་ཚིག་རེ་ལའང་རྒྱ་གཞུང་གང་ཞིག་དང་མཐུན་ཡོད་མེད་དོན་གཉེར་ཆེན་པོས་དཔྱད་ཅིང་། རྒྱ་གཞུང་ལ་ཐུག་དུས་ནོར་བ་མངོན་སུམ་མཐོང་ཡང་གློ་བུར་དུ་དཔའ་འཁུམས་ནས་དཔྱད་ཙམ་ཡང་མི་ཕོད་པའི་རྣམ་འགྱུར་སྟོན་པ་ནི་དངོས་གནས་དགོད་ཤོར་མོ་ཞིག་རེད། ཁྱོད་ཚོས་བཤད་པ་ལྟར་ན། རྒྱ་གར་ནས་དར་བའི་མདོ་སྔགས་གཉིས་ཀྱི་ཁྲིད་ལུང་མན་ངག་ཀུན་གྱི་རྒྱུད་པ་རྣམས་སྒྲུབ་རྒྱུད་ཤིང་རྟ་བརྒྱད་ཀྱི་ནང་ཕན་ཚུན་གཅིག་ཀྱང་མ་འདྲིས་པ་དང་། མ་ཐིམ་པ། མ་གོས་པ། མ་འཐོར་བ་ཆོས་ལུགས་ཡལ་ག་བས་ཉམས་ལེན་ཁེ་རྐྱང་བྱས་པ་གཅིག་ཀྱང་བསྟན་རྒྱུ་མེད་པ་ལྟར། སྨར་ཚང་བཀའ་བརྒྱུད་ཀྱང་དེ་བཞིན་ཡིན་པས་གནམ་ས་གང་བའི་འུར་སྒྲ་བརྒྱབ་པ་ནི་སྟོང་པ་ཉིད་དུ་གྱུར།

འདི་གལ་འགངས་ཆེན་ཤོས་ནི་རྒྱུད་པའི་ཐག་སྐུད་ཕྲ་མོ་མ་ཆད་པ་ཕྲེང་རྡོ་སྒྲིག་པ་ལྟར་ཡོད་དགོས་པ་ནི་དོན་གནད་ངོ་མ་ཡིན་པས། འགྲོ་མགོན་སྨར་ཚང་བཀའ་བརྒྱུད་ཀྱི་བསྟན་པ་འདིས་ཀྱང་རྩ་བའི་སྡོང་པོ་བཀའ་གདམས་པ། བཀའ་བརྒྱུད་པ། ས་སྐྱ་པ། ཞི་བྱེད་པ། རྙིང་པ་ལས་འོང་བ་ཤ་སྟག་ཡིན་པས། ད་ལྟའི་བར་སྨར་ཚང་གི་རྒྱུད་པ་བཞུགས་པ་རྣམས་ཀྱང་ཆོས་ལུགས་དེ་དག་གང་རུང་གི་བླ་མ་རྣམས་ཀྱིས་རྒྱུན་འཛིན་བྱས་པ་ལས་བྱུང་བ་ཡིན། དཔེར་ན། ཆོས་རྗེ་སྨར་པ་རིན་པོ་ཆེས་སྐུ་ཚེ་ཧྲིལ་པོར་བསྒོམས་བསྒྲུབས་བྱས་པའི་མྱོང་བ་མངོན་ཐོན་གྱི་མན་ངག་དང་། ཕག་གྲུ་སོགས་བཀའ་བརྒྱུད་ཀྱི་གདམས་ངག་ཀུན་གྱི་སྙིང་པོ་རྣམས་ཕྱོགས་གཅིག་ཏུ་བསྒྲིལ་པའིི་ཕྱག་ཆེན་མན་ངག་རྒྱ་མཚོ་དང་།  ཕྱག་ཆེན་སྙིང་བཅུད། རི་ཆོས་སོགས་མན་ངག་ཟབ་མོ་རྣམས་སྲས་ཀྱི་ཐུ་བོ་འགྲོ་མགོན་རིན་ཆེན་དང་། རྒྱལ་བ་ཡང་དགོན་པ་ཡེ་ཤེས་རྒྱལ་མཚན་སོགས་ལ་སྙན་བརྒྱུད་དང་རིང་བརྒྱུད་ཅི་རིམ་ཞིག་བསྩལ་བར་མཛད། མན་ངག་ཟབ་མོ་རྣམས་རྒྱལ་བ་ཡང་དགོན་པའི་སྲས་ཀྱི་ཐུ་བོ་རྗེ་བཙུན་སྤྱན་སྔ་བ་བྱང་ཆུབ་གྲགས་པའི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་གྲུབ་ཆེན་དབུ་རྩེ་བ་བསོད་ནམས་ཡེ་ཤེས་ཀྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་མཆོག་གི་སྤྲུལ་སྐུ་རིན་ཆེན་རྒྱལ་མཚན་གྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་སྤང་མཁན་ཆེན་དྲི་མེད་འོད་ཟེར་གྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་འགྲོ་མགོན་དཀོན་མཆོག་རྒྱལ་མཚན་གྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་རྗེ་ཆོས་ཀྱི་རྡོ་རྗེའི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་རྗེ་ཡེ་ཤེས་རྒྱལ་མཚན་གྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། རྗེ་ཡེ་ཤེས་རྒྱལ་མཚན་གྱིས་སྔར་ཡོད་སྨར་ཚང་ཕྱག་ཆེན་མན་ངག་རྒྱ་མཚོའི་ནང་དུ་ཁོང་གི་མྱོང་བ་དང་རྙིང་ཆོས་འཕར་སྣོན་རྒྱག་པའི་བྲིས་མ་ཤོག་གྲངས་ལྔ་བརྒྱ་ཉེར་ལྔ་ཙམ་ཡོད་པ་ཞིག་ཏུ་གྱུར། ཕྱག་ཆེན་འདིའི་རྒྱུད་པ་ལ་མཚོན་ན། རྗེ་དེའི་ཐུགས་སྲས་རྒྱལ་མཚན་སེངྒེའི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་དཀོན་མཆོག་རྒྱལ་མཚན་གྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་དཀོན་མཆོག་རྡོ་རྗེའི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་ཤཱཀྱ་རྒྱལ་མཚན་གྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་བྱང་ཆུབ་སེངྒེའི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་བཀྲ་ཤིས་རྒྱལ་མཚོའི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་སྟོན་པ་སེངྒེའི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་རྡོ་རྗེ་རྒྱལ་མཚན་གྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་སངས་རྒྱས་བཀྲ་ཤིས་ཀྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་ཆོས་ཉིད་རྒྱ་མཚོའི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་པདྨ་རྒྱལ་མཚན་གྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་ཐུབ་པ་རྒྱལ་མཚན་གྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་བླ་མ་ཐེག་མཆོག་གི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན།  དེའི་ཐུགས་སྲས་བསྟན་པའི་ཉི་མའི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་ཆོས་ཀྱི་དབང་པོའི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན།  དེའི་ཐུགས་སྲས་ལུང་རྟོགས་རྒྱ་མཚོའི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་སྐྱིད་ལུང་མཁས་མཆོག་གི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་ཆོས་ཀྱི་བློ་གྲོས་ཀྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་དཀོན་མཆོག་ཆོས་འཕེལ་གྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་ཡོན་ཏན་མགོན་པོའི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་པདྨ་རྒྱལ་མཚན་གྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་བླ་མ་ཚེ་རིང་ཆོས་འཕེལ་གྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུགས་སྲས་མཁན་ཆེན་ལེགས་བཤད་འབྱོར་ལྡན་གྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན། དེའི་ཐུསག་སྲས་རྒྱལ་མཚན་འོད་ཟེར་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན།  དེའི་ཐུགས་སྲས་འཇམ་དབྱངས་རྒྱལ་མཚན་གྱི་བུ་སློབ་རྣམས་ཀྱིས་བརྒྱུད་པ་འཛིན་པས་རྟོགས་པ་ནམ་མཁའ་དང་མཉམ་པའི་གྲུབ་པའི་དབང་ཕྱུག་མང་དུ་བྱོན་ཞིང། འདི་ལ་བརྒྱུད་པ་གཉིས་ཡོད་པས་བརྒྱུད་པ་གཞན་གཅིག་ནི་སྟག་བླ་ནས་བརྒྱུད་པ་རིམ་བཞིན་སྤོང་རི་དགོན་པའི་གཏེར་སྟོན་བདུད་འདུལ་གླེང་པ། དེའི་ཐུགས་སྲས་ཁྲོ་རུ་འཕྲིན་ལས་རྒྱ་མཚོ། དེའི་ཐུགས་སྲས་འགྲོ་མགོན་གངས་རི་ཀརྨ་ལེགས་བཤད་རྒྱ་མཚོ། དེའི་ཐུགས་སྲས་ཆོས་གྲགས་རྒྱ་མཚོ་བཅས་ཡིན།  

                                            དྲུག་པ་ལོག་སྨྲ་ཚར་གཅོད་པ།

 ཕྱི་ལོ་༡༩༨༤་ལོ་རྒྱ་རིགས་ཀྲང་དབྱི་སུན་གྱིས་སྒྲིག་པའི་བོད་རྒྱ་ཚིག་མཛོད་ཆེན་མོ་སྨད་ཆ་ལས།  (སྨར་ཚང་ཤེས་རབ་སེངྒེ་། སྨར་ཚང་བཀའ་བརྒྱུད་ཀྱི་སྲོལ་གཏོད་པོ་ཡིན། ཕྱིས་སུ་ལུགས་དེ་ཁམས་དཔལ་ཡུལ་གྱི་རྙིང་མ་པ་དང་གཅིག་ཏུ་དྲིལ་ནས་དེའི་བླ་མ་རྣམས་ལ་ཀརྨ་པའི་ཡང་སྲིད་ཟེར།) ཞེས་ཀྲང་དབྱི་སུན་གྱིས་སྨར་པ་ཤེས་རབ་ཡེ་ཤེས་ལ་ཤེས་རབ་སེངྒེ་ཞེས་བརྗོད་པ་ཙམ་གྱིས་ཆོས་རྒྱུད་ཀྱི་གནད་མི་ཤེས་པ་དོན་གྱིས་མངོན་ཡོད་ལ། སྨར་ཚང་དཔལ་ཡོན་ལ་གཅིག་ཏུ་དྲིལ་ནས་དེའི་བླ་མ་རྣམས་ཀརྨ་པའི་ཡང་སྲིད་ཟེར་ཞེས་པའི་ཚིག་དུམ་འདི་སྒྲ་ཇི་བཞིན་དུ་ཁས་བླངས་ན། ཀརྨ་པ་སྨར་ཚང་གི་བླ་མའི་ཡང་སྲིད་ཡིན་ཟེར་བ་དེས་ཀྱང་ཁས་བླངས་དགོས་ཏེ། མཚུངས་པའི་ཕྱིར། ཚིག་སྔ་མ་རང་འདོད་དང་མཐུན་ཞིང་ཕྱི་མ་རང་འདོད་དང་མི་མཐུན་པའི་ཕྱིར་ཟེར་བ་ལས་འོས་མེད། སྨར་ཚང་བཀའ་བརྒྱུད་དཔལ་ཡོན་ལ་དྲིལ། འདྲིས། ཀ་ཐོག་ལ་ཐིམ་ཟེར་བ་རྣམས་རྗེས་དེད་བྱས་ན་གཡག་གི་དཔང་པོ་ལུག་དང་། ལུག་གི་དཔང་པོ་ར། རའི་དཔང་པོ་ཁྱི། ཁྱིའི་དཔང་པོ་ཞི་མི། ཞི་མིའི་དཔང་པོ་ཙི་ཙི་ལ་ཐུག་པ་ལྟར། ཚིག་མཛོད་ནང་དྲིལ་ཟེར་བ་འདིར་ཁུངས་དེད་དུས་གཞི་མེད་སྒྲོ་བཏགས་འབའ་ཞིག་ལས་དོན་སྙིང་ལྡན་པ་གཅིག་ཀྱང་རྙེད་རྒྱུ་མེད།

རག་མགོ་རིན་པོ་ཆེས་སྨར་ཚང་གདན་རབས་ལས། (ཀ་ཐོག་གི་བླ་མ་བཀྲ་ཤིས་རྒྱ་མཚོས་ཁྱད་པར་ཁྲིད་ཡིག་ཁྲེགས་ཆོད་སྐབས་སྨར་ཚང་ཕྱག་ཆེན་རྩལ་འདོན་དང་། དགོངས་པ་ཟང་ཐལ་ཐོད་རྒལ་དང་སྦྱར་བའི་ཕྱག་རྫོགས་དབྱེར་མེད་ཀྱི་ཁྲིད་ཡིག་མཛད་པའི་ཁྲིད་རྒྱུད་དཔལ་ཡོན་དུ་བཞུགས་པ་འཇམ་མགོན་རིན་པོ་ཆེའི་གདམས་མཛོད་དུ་སྨར་ཚང་ཁྲིད་རྒྱུད་འདི་ལས་གཞན་མ་བྱུང་)། ཞེས་ལུང་དྲངས་ནས་སྨར་ཚང་དཔལ་ཡོན་ལ་འདྲིས་པའི་སྒྲུབ་རྟགས་བཀོད་པ་འདི། བུ་ཡེ་ནས་མེད་ཀྱང་ངའི་བུའི་མིང་ལ་ཟླ་བ་གྲགས་པ་ཡིན་ཟེར་བ་ལྟ་བུ་རེད། དཔེར་ན། ཕྱི་ལོ་༢༠༡༢་དང་ཕྱི་ལོ་༢༠༡༣་ལོ་བོད་གཞི་བྱེས་གཉིས་སུ་ཡོད་པའི་ཀོང་སྤྲུལ་གྱི་གདམས་མཛོད་པར་མ་ཁག་གསུམ་ལ་ཉུལ་ཞིབ་བྱས་ཀྱང་རྙེད་མེད། གཞུང་དེའི་རྒྱུད་འཛིན་པ་ཡིན་ཚུལ་གྲགས་པའི་དཔལ་ཡོན་བ་བླ་མ་ཀུན་བཟང་ཤེས་རབ་བཙལ་དུས། ཁོང་འདས་ནས་ཡང་སྲིད་ལོ་བརྒྱད་ཅུ་སོན་པའི་སྤྲུལ་སྐུ་ཐུབ་བཟང་རྙེད་སོང་བས་གློག་འཕྲིན་རྒྱུད་ནས་ཁོང་ལ་ནན་དྲིས་བྱས་པས། ཁོང་གིས་ཀྱང་གདམས་མཛོད་དང་རིན་ཆེན་གཏེར་མཛོད་གང་རུང་ལ་ཡོད་ཚུལ། རྣ་ཐོས་གོམས་འཇག་གིས་ཡིན་སྣང་ཙམ་ལས་དོན་དངོས་འདྲེན་བྱེད་མིག་གིས་གཏན་ནས་མཐོང་མྱོང་མེད་པར་ཐག་ཧྲིལ་གྱིས་ཆོད་སོང་། ད་དུང་འདོད་པ་མ་ཚིམ་པས་དཔལ་ཡོན་དགོན་གྱི་མཁན་རྒན་སྐལ་བཟང་ལ་དྲི་བ་ཐེངས་གཉིས་ཕུལ་ཡང་བརྡ་ལན་གཅིག་ཀྱང་བྱུང་མེད། དེས་ན། རག་མགོ་རིན་པོ་ཆེས་ཀྱང་ངག་སྒྲུང་ཞིག་ལ་ཡིད་ཆེས་བྱས་ནས་བྲིས་པ་རེད་འདུག་ཅེས་མགྲིན་པ་བཏེགས་ནས་སྨྲ་བར་བྱ། ཨ་རི་བ་Gene Smith་ཟེར་བ་ཞིག་གིས་ཀྱང་དཔེ་དེ་ལ་བལྟས་ནས་བཤད་ཁུལ་བྱས་པ་ནི་རི་བོང་ཅལ་འདྲོགས་ཉིད་དུ་གྱུར་ཡོད།                      

                                            བདུན་པ་ལོག་རྟོག་སུན་ཕྱུང་བ།

སྨར་ཚང་བཀའ་བརྒྱུད་འདི་དཔལ་ཡོན་ལ་དྲིལ་བ་ཡིན་ཏེ། བཀྲ་ཤིས་རྒྱ་མཚོས་སྨར་ཚང་ཕྱག་ཆེན་གྱི་འགྲེལ་བ་བྲིས་པའི་ཁྲིད་རྒྱུད་དཔལ་ཡོན་དགོན་དུ་ཡོད་པའི་ཕྱིར་ཟེར་བ་དང་། སྨར་ཚང་བཀའ་བརྒྱུད་འདི་ཀ་ཐོག་ལ་ཐིམ་པ་ཡིན་ཏེ། ཀ་ཐོག་པས་སྨར་ཚང་ཕྱག་ཆེན་ཉམས་ལེན་བྱས་པའི་ཕྱིར། ཟེར་བ་དེ་གཉིས་གང་རུང་ལས་སྒྲུབ་བྱེད་གཞན་སོར་གང་མེད། འདི་འདྲ་ཞིག་སྒྲུབ་རྟགས་བཀོད་ནས་འུར་སྒྲ་བརྒྱབ་པ་འདི། དཔྱོད་ལྡན་མཁས་པ་དག་གིས་སུན་ཕྱུང་རེས་མེད་པ་མཐོང་ནས་ཞལ་འཛམ་མུལ་ལེ་བཞུགས་བར་ངེས། འོན་ཏེ། ཁོ་བོ་སྐབས་འབབ་ལས་འགན་དང་འབྲེལ་བས་རིག་པས་རོལ་རྩེད་ཆུང་ཆུང་ཞིག་བྱེད་ན་འདོད།

 རྙིང་དགེ་བར་གྱི་ཐལ་བ།  རྒྱལ་བ་ལྔ་པས་རྙིང་ཆོས་མང་པོ་གཅིག་ཏུ་བསྒྲིགས་པའི་གསང་བ་རྒྱ་ཆེན་གྱི་ཁྲིད་ལུང་དགེ་ལུགས་པའི་ནང་དུ་བཞུགས་ཡོད་པས། རྙིང་མ་པ་དགེ་ལུགས་ལ་གཅིག་ཏུ་དྲིལ་བ་དང་ཐིམ་པར་ཐལ། སྒྲུབ་བྱེད་མཚུངས་པའི་ཕྱིར། རྗེ་ཙོང་ཁ་པས་ལམ་གཙོ་རྣམ་གསུམ་དེ་མཁན་པོ་འཇིགས་མེད་ཕུན་ཚོགས་ལ་རྨི་ལམ་ནང་དུ་སྩལ་ཚུལ་གསུངས་པ་ཡིད་ཆེས་པའི་བླ་རུང་མཁན་བླ་ཚོས་རྒྱུན་སྤེལ་གནང་མུ་ཡིན་པས། དགེ་ལུགས་པ་རྙིང་པ་ལ་དྲིལ་བ་དང་ཐིམ་བར་ཐལ། སྒྲུབ་བྱེད་མཚུངས་པའི་ཕྱིར།

 བཀའ་རྙིང་བར་གྱི་ཐལ་བ།   ཞྭ་དམར་སྤྱན་སྔ་བས་རྙིང་མའི་ཉམས་ལེན་ཀུན་གྱི་ཡང་རྩེ་སེམས་སྡེ། ཀློང་སྡེ། མན་ངག་གི་སྡེ་གསུམ་གྱི་འགྲེལ་པ་སྙན་བརྒྱུད་རྡོ་རྗེ་ཟམ་པའི་ཁྲིད་ཡིག་བྲིས་པ་དེ་དང་། ཀོང་སྤྲུལ་གྱིས་ཀློང་སྡེ་རྡོ་རྗེ་ཟམ་པ་ཟེར་བ་སོགས་རྙིང་ཆོས་ཀྱི་འགྲེལ་བ་བྲིས་པ་རྣམས་ཀཾ་ཚང་བཀའ་བརྒྱུད་ཀྱིས་ཉམས་ལེན་བྱས་མྱོང་བས། རྙིང་མ་པ་ཀཾ་ཚང་བཀའ་བརྒྱུད་ལ་དྲིལ་བ་དང་ཐིམ་བར་ཐལ། སྒྲུབ་བྱེད་སྒོ་ཀུན་ནས་མཚུངས་པའི་ཕྱིར།

 རྙིང་ཟུར་བར་གྱི་ཐལ་བ།  ཟུར་མང་པདྨ་གར་དབང་གིས་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་འགྲེལ་བ་ བཀའ་སྲོལ་ཆུ་བོ་གཉིས་འདུས་ཀྱི་ཁྲིད་ཡིག་དྲི་མེད་ཞལ་ལུང་བྲིས་ནས་ཟུར་མང་བཀའ་བརྒྱུད་ཀྱིས་ཉམས་བཞེས་མཛད་མྱོང་ཡོད་པས། རྙིང་པ་ཟུར་མང་བཀའ་བརྒྱུད་ལ་ཆུ་བོ་གཉིས་འདུས་གྱུར་བར་ཐལ། སྒྲུབ་བྱེད་རྣམ་པ་ཀུན་ཏུ་མཚུངས་པའི་ཕྱིར།

ས་བཀའ་བར་གྱི་ཐལ་བ།  ཕག་མོ་གྲུ་པས་ལམ་འབྲས་ཀྱི་མན་ངག་གནད་བཅུ་གཅིག་དང་ལམ་འབྲས་ཕྱག་རྒྱའི་ཁྲིད།  ལམ་འབྲས་ཀྱི་ཞལ་གདམས་སོགས་གཞུང་འགྲེལ་མང་པོ་བྲིས་ནས་ཕག་གྲུ་བཀའ་བརྒྱུད་ཀྱིས་ཉམས་ལེན་བྱས་མྱོང་ཡོད་པས།  ས་སྐྱ་པ་ཕག་གྲུ་བཀའ་བརྒྱུད་ལ་དྲིལ་བ་དང་ཐིམ་པར་ཐལ། སྒྲུབ་བྱེད་མཚུངས་པའི་ཕྱིར།

ས་དགེ་བར་གྱི་ཐལ་བ།  རྗེ་ཙོང་ཁ་པས། ས་སྐྱའི་བླ་མ་རེ་མདའ་བ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་སོགས་ལས་ཐོས་བསམ་སྒོམ་གསུམ་མཛད་ཅིང། ལྷག་པར་བླ་མ་རེ་མདའ་བ་ལས་དབུ་མའི་ལྟ་བ་མཐར་ཐུག་རྙེད་པར་གྲགས་པས། ས་སྐྱ་པ་དགེ་ལུགས་ལ་དྲིལ་བ་དང་ཐིམ་པར་ཐལ། སྒྲུབ་བྱེད་མཚུངས་པའི་ཕྱིར།

ཕ་བོང་ཁ་པས་ས་སྐྱའི་རྣལ་འབྱོར་མའི་འགྲེལ་བ་བྲིས་པ་རྣམས་དགེ་ལུགས་པས་ཉམས་ལེན་གཙོ་འཛིན་བྱས་ཤིང་། འཕགས་པ་ལྷ་དགེ་ལེགས་རྒྱལ་མཚན་གྱིས་བླ་མ་གནས་གསར་བའི་དྲུང་ནས་རྣལ་འབྱོར་མའི་དབང་ཁྲིད་ཞུས་ནས་མཁའ་སྤྱོད་བསྐྱེད་རྫོགས་ཟབ་མོའི་བཀའ་ཁྲིད་བྲིས་པ་དེ་དགེ་ལུགས་པས་ཉམས་ལེན་བྱས་པས། ས་སྐྱ་པ་དགེ་ལུགས་ལ་དྲིལ་བ་དང་ཐིམ་པར་ཐལ། སྒྲུབ་བྱེད་མཚུངས་པའི་ཕྱིར།

བཀའ་དགེ་བར་གྱི་ཐལ་བ།  རྗེ་ཙོང་ཁ་པའི་སྔགས་རིམ་ཆེན་མོ་ལས། གསང་བའི་མཛོད་འཛིན་ལྷོ་བྲག་མར་པ་ཞབས། །ཞེས་བསྟོད་པ་ལྟར། དགེ་ལུགས་པའི་གསང་འདུས་མར་ལུགས། བདེ་མཆོག་འགོས་ལུགས། ཆོས་སྐྱོང་ཤངས་ལུགས་གསུངས་པ་ལྟར། གསང་བ་འདུས་པ་མར་པ་ལོ་ཙྭ་བའི་རྒྱུད་པ་འཛིན། བདེ་མཆོག་འགོས་ལོ་ཙྭ་བའི་རྒྱུད་པ་འཛིན། ཆོས་སྐྱོང་ཤངས་པ་བཀའ་བརྒྱུད་ཀྱི་རྒྱུད་པ་འཛིན། པཎ་ཆེན་བློ་བཟང་ཆོས་རྗེ་ཡིས་བཀའ་བརྒྱུད་པའི་ཕྱག་ཆེན་གཞི་འཛིན་ནས་དགེ་ལྡན་ཕྱག་ཆེན་བྲིས་པའི་ཁྲིད་ལུང་དགེ་ལུགས་པ་ལ་ཡོད་པས། བཀའ་བརྒྱུད་པ་དགེ་ལུགས་ལ་དྲིལ་བ་དང་ཐིམ་པར་ཐལ། སྒྲུབ་བྱེད་མཚུངས་པའི་ཕྱིར།

ཀ་ཚང་དགེ་ལུགས་བར་གྱི་ཐལ་བ།  ཀོང་སྤྲུལ་གྱིས་རྗེ་ཙོང་ཁ་པའི་ལམ་གཙོ་རྣམ་གསུམ་གྱི་འགྲེལ་བ་བྲིས་པའི་ཁྲིད་རྒྱུད་ཀ་ཚང་ལ་ཡོད་པས། དགེ་ལུགས་པ་ཀ་ཚང་ལ་དྲིལ་བ་དང་ཐིམ་པར་ཐལ། སྒྲུབ་བྱེད་མཚུངས་པའི་ཕྱིར།

ས་རྙིང་བར་གྱི་ཐལ་བ།   ས་སྐྱ་པའི་གདུང་བརྒྱུད་འཁོན་ཀླུའི་དབང་པོས་སློབ་དཔོན་པདྨའི་ཞལ་ལས་སྙན་བརྒྱུད་ཕུར་པའི་དབང་ལུང་མན་ངག་གི་ཁྲིད་ལུང་ཁུངས་བཙན་ཤོས་དེ་ས་སྐྱ་ལ་ཡོད་པས། རྙིང་མ་པ་ས་སྐྱ་ལ་དྲིལ་བ་དང་ཐིམ་པར་ཐལ། སྒྲུབ་བྱེད་མཚུངས་པའི་ཕྱིར།  

ས་སྐྱ་པ་དང་ཆོས་བརྒྱུད་གཞན་གྱི་བར་ཐལ་བ།  བཀའ་བརྒྱུད། དགེ་ལུགས། རྙིང་མ། ཞི་བྱེད། ཇོ་ནང། བུ་སྟོན། ས་སྐྱ་བཅས་ཆོས་ལུགས་ཁག་གི་དབང་ཆེན་དང་རྗེས་གནང་ཕལ་ཆེར་འདུས་པའི་བརྒྱུད་སྡེ་ཀུན་འདུས་དང་། གྲུབ་ཐབས་ཀུན་འདུས་གཉིས་ཀྱི་དབང་ལུང་ཁྲིད་གསུམ་ས་སྐྱ་པ་ལ་ཡོད་པས། ཆོས་བརྒྱུད་གཞན་རྣམས་ས་སྐྱ་པ་ལ་དྲིལ་བ་དང་ཐིམ་པར་ཐལ། སྒྲུབ་བྱེད་མཚུངས་པའི་ཕྱིར། ཡང་གཅིག་བཤད་ན། བླ་མ་གཅིག་ཆོས་བརྒྱུད་གཉིས་གསུམ་གྱི་བླ་རྒྱུད་ནང་དུ་ཡོད་པའི་རྒྱུ་མཚན་རྟགས་བཀོད་ནས་དྲིལ་བ་དང་ཐིམ་པ་ཡིན་ཟེར་ན། གུ་རུ་རིན་པོ་ཆེ། བེ་རོ་ཙ་ན། མར་པ་ལོ་ཙྭ་བ། ས་ཆེན་ཀུན་དགའ་སྙིང་པོ། གོང་ས་ལྔ་པ། འཇམ་དབྱངས་མཁྱེན་བརྩེ་སོགས་ཆོས་བརྒྱུད་འགའ་ཤས་ཀྱི་བླ་རྒྱུད་ནང་དུ་ཡོད་པས། དེ་དག་ཐམས་ཅད་ཕན་ཚུན་དྲིལ་བ་དང་ཐིམ་པ་ཐལ་ལོ། །

                               བརྒྱད་པ་ཐམས་ཅད་སྨར་ཚང་ལ་དྲིལ་བའི་ཐལ་བ།

སྨར་ཚང་དང་ཆོས་ལུགས་གཞན་གྱི་བར་ཐལ་བ། ཁོ་བོ་གངས་རི་ཀརྨ་པས་༧་རྒྱལ་དབང་བཅུ་བཞི་པ་མཆོག་དང་། བློ་ཆོས་རིན་པོ་ཆེ། ཀིརྟི་མཚན་ཞབས་རི་པོ་ཆེ་གསུམ་ལས་གསང་བདེ་འཇིགས་གསུམ་དང་། རིང་འབྱུང་བརྒྱ་ཚར། མེ་ཏྲི་བརྒྱ་ཚར་གྱི་དབང་ལུང་གི་བརྒྱུད་པ་ཞུས། ༧ གོང་མ་རྡོ་རྗེ་འཆང་ལས་རྙིང་མའི་ཡི་དམ་ཕུང་པ་སྟོད་སྨད་ཀྱི་དབང་། མར་ལུགས་ཀྱེ་རྡོར། བདག་མེད་མ། བདེ་མཆོག་ལཱུ་ནག་དྲི་གསུམ། རས་ཆུང་བདེ་མཆོག་ཡབ་བཀའ། ཡུམ་བཀའ། རས་ཆུ་མཁའ་འགྲོ་སྙན་བརྒྱུད་ཀྱི་ཁྲིད། རས་ཆུང་སྙན་བརྒྱུད་ཚེ་དབང་། དྭགས་པོ་བདེ་མཆོག། ཕག་མོ་ལྷ་བཅུ་བདུན། ལྷ་སོ་བདུན། ལྷ་ཉེར་གཅིག་གི་དབང་ལུང། ཀཾ་ཚང་བདེ་མཆོག་དང་ཕག་མོ་ལྷ་སོ་བདུན་གྱི་དབང་ལུང་། ཞི་བྱེད་ཡབ་བཀའ་ཡུམ་བཀའ་དང་། བུ་ལུགས་འཇིགས་བྱེད། ཇོ་ནང་དུས་འཁོར་དང་སྦྱོར་དྲུག་གི་ཁྲིད། བཀའ་གདམས་ཐེག་ལེ་བཅུ་དྲུག་གི་ཁྲིད། སྟག་ལུང་ཀྱེ་རྡོར་སོགས་དབང་ལུང་གི་བརྒྱུད་པ་ཞུས། མཁན་ཆེན་ཚུལ་ཁྲིམས་རྒྱལ་མཚན་ལས། མཁའ་སྤྱོད་བེའུ་འབུམ་གྱི་དབང་ལུང་ཁྲིད་གསུམ་དང་གུ་རུའི་བར་དོ་ཐོས་གྲོལ། རྟོགས་ལྡན་ཨ་འཕྲིན་ལས་ཆོས་དྲུག་སོགས་ཁྲིད་ལུང་ཞུས་ནས་གང་ཐུགས་ཉམས་ལེན་བྱས་པས། བཀའ་གདམས་པ། དགེ་ལུགས་པ། ཞི་བྱེད་པ། ཇོ་ནང་པ། ཀཾ་ཚང་། སྟག་ལུང་སོགས་སྨར་ཚང་བཀའ་བརྒྱུད་ལ་དྲིལ་བ་དང་ཐིམ་པར་ཐལ། སྒྲུབ་བྱེད་རྣམ་པ་ཀུན་ཏུ་མཚུངས་པའི་ཕྱིར།

                                   དགུ་པ་བོད་པའི་ཆོས་ལུགས་ཀྱི་ཐ་སྙད་ལ་ཅུང་ཟད་དཔྱད་པ།

སངས་རྒྱས་ཤཱཀྱ་ཐུབ་པས་ཐེག་པ་གསུམ་དང་གྲུབ་མཐའ་བཞིའི་རྣམ་བཞག་འདི་གདུལ་བྱའི་བློ་རིག་ཆུང་འབྲིང་ཆེ་གསུམ་ལ་ལྟོས་ནས་འཇོག་པ་རྩོད་མེད་ཡོངས་གྲགས་ཡིན་ལ། སངས་རྒྱས་འདས་པའི་རྗེས་སུ་བྱེ་བྲག་སྨྲ་བ་སྡེ་པ་བཅོ་བརྒྱད་བྱེ་པ་ནི་སོ་སོའི་གནས་མིང་དང་དགོན་མིང་ལ་ལྟོས་ནས་ཐ་སྙད་བཏགས་ཏེ། རང་གི་སྡེ་པ་སངས་རྒྱས་ཀྱི་ཆོས་ཡིན་པ་དང་གཞན་རྣམས་སངས་རྒྱས་ཀྱི་ཆོས་མིན་ཚུལ་རྩོད་རྙོག་གིས་འཁོར་ལོ་བསྐོར་བའི་ལོ་རྒྱུས་རིང་མོ་ཞིག་བྱུང་བར་ལྟར། བོད་པའི་ཆོས་ལུགས་ཀྱི་གྲུབ་མཐའ་ཡང་དུས་

མིང་། ཆོས་མིང་། གནས་མིང་། གང་རུང་ལ་ལྟོས་ནས་བཏགས་པ་ཡིན། དཔེར་ན། དུས་མིང་གི་གྲུབ་མཐའ་རྙིང་མ་པ། གནས་མིང་གི་གྲུབ་མཐའ་ས་སྐྱ་པ། ཇོ་ནང་པ། བོ་དོང་བ། དགེ་ལྡན་པ། ཆོས་མིང་གི་གྲུབ་མཐའ་བཀའ་གདམས་པ། བཀའ་བརྒྱུད་པ། ཞི་བྱེད་པ་བཅས་ལ་གྲུབ་མཐའ་བརྒྱད་ཀྱི་ཐ་སྙད་ཐོགས་ཀྱང་། དེ་དག་ནི་རྒྱ་གར་ནས་དར་བའི་མདོ་སྔགས་ཀྱི་ཆོས་ཚུལ་ཁོ་ན་ཡིན་ཀྱང་། ཆབ་སྲིད་ཀྱི་ལྷད་ཞུགས་ནས་ཐ་སྙད་ཆེ་ཆུང་དབང་གིས་རྩོད་རྙོག་བྱུང་ཡོད། དཔེར་ན། རྒྱ་ནག་སྐམ་ས་ཆེན་མོ། ཆེན་པོ་ཧོར། བོད་ཆེན་པོ་ཞེས་ཐ་སྙད་རེ་བཟོས་ནས་ཆེན་འོག་ཆུང་ཚུད་ཀྱིས་ལས་འགུལ་སྤེལ་བ་ལྟར། ཆོས་ལུགས་ལ་ཡང་ཆབ་སྲིད་ཀྱི་འགོས་ནད་ཕོག་པས། རྒྱ་ཧོར་གྱི་རྒྱལ་པོ་དག་གིས་སྩལ་བའི་མིང་ལྡན་གྱི་བླ་མ་རྣམས་གུས་བཀུར་བྱེད་ཡུལ་གྱི་བླ་ཆེན་ཞིག་བརྩིས། སངས་རྒྱས་ཀྱིས་གནང་བའི་གདམས་ངག་ཉམས་ལེན་པ་རྟོགས་ལྡན་དང་མཁས་པ་རྣམས་ནི་བླ་ཆུང་དང་སྤྲང་པོ་བརྩིས་སྲོལ་སྤེལ་བས་མཇུག་འབྲས། སྐྱུག་བྲོ་བ་ཇི་སྙེད་ཅིག་བྱུང་བ་རྣམས་བཤད་ཚར་ཡ་མེད། དེ་བཞིན་བརྒྱུད་པའི་སྡོང་པོ་གཅིག་ལས་བྱེ་བའི་བཀའ་བརྒྱུད་པ་ལ་ཡང་འགོས་ནད་དེ་ཕོག་ནས། ཕྱག་ཆེན་དང་ཆོས་དྲུག་གི་རྒྱུད་པའི་སྡོང་པོ་གཅིག་ལས་བྱེ་བའི་ཆོས་རྒྱུད་ལ་ཆེ་ཆུང་བརྩིས། འདི་བྱིན་རླབས་ཆེ་ཆུང་དང་། གདམས་ངག་ལ་ཆེ་ཆུང་འཇོག་པ་ཡིན་ན། ཕག་གྲུ་ལས་བྱེ་བ་རྣམས་བྱིན་རླབས་ཆུང་བ་སུ་ཡིན་རྟོགས་སམ། གནང་མཁན་ལ་མིང་ཆེ་ཆུང་དང་། ཁྲི་ཆེ་ཆུང་། མི་མང་ཉུང་ལ་འཇོག་ན། ཆོས་ཀྱི་དོན་སྙིང་དང་ཡོངས་སུ་རྒྱབ་འགལ་ཡིན་པས་མི་ལ་རས་པའི་སློབ་གྲས་ནས་བུད། བརྒྱུད་པ་གོང་འོག་ལ་ལྟོས་ནས་ཆེ་ཆུང་འཇོག་ན། ཆེན་བཞི་ཡང་ཆུང་བ་ཡིན་པར་ཐལ། མར་དྭགས་གཉིས་ལས་འོག་མ་ཡིན་པའི་ཕྱིར། དགོན་པ་དང་མཆོད་ཡོན་མང་ཉུང་ལ་ཆེ་ཆུང་འཇོག་ན། འབྲུག་པ། ཀཾ་ཚང་། འབྲི་གུང་གསུམ་ཆེ་བ་ཡིན་པར་ཐལ། སྒྲུབ་བྱེད་དེ་ཡིན་པའི་ཕྱིར། བརྒྱུད་པའི་སྡོང་པོ་གཅིག་ལ་མིང་ཆེ་ཆུང་དང་ཁྲི་མཐོ་དམན། ང་ཡོད་ཁོ་མེད་ཟེར་བ་ནི་ཅོལ་ཆུང་འབའ་ཞིག་ཡིན་པས་མི་མཛད་པར་མཁྱེན་མཁྱེན།  འགྲོ་མགོན་གངས་རི་ཀརྨའི་སྐྱེ་ཕྲེང་གི་གྲས་མཐར་ཚུད་པའི་རྒྱལ་ཁམས་པ་ཞིག་གིས་ཕྱི་ལོ་༢༠༡༧་ཟླ་བ་༡༠་ཚེས་༢༤་ལ་བྲིས་སོ།