སྨར་ཚང་བསྟན་པའི་སྲོག་ཤིང་༧་འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེ་མཆོག་གིས་དབུ་ཁྲིད་ལམ་སྟོན་ལྟར། དབྱིན་ཇི་རྒྱལ་ཁབ་ཀྱི་རྒྱལ་ས་ལོ་གྲོན་དུ་སྨར་ཚང་བཀའ་བརྒྱུད་ཀྱི་ཆོས་ཚོགས་རྟག་བརྟན་དར་རྒྱས་གླིང་གིས་ཕྱི་ལོ་༢༠༡༧་ཕྱི་ཟླ་༥་ནས་ཆོས་བརྒྱུད་གལ་ཆེན་ཁག་ལ་འབྲེལ་གཏུགས་སོགས་གོ་བསྒྲིགས་བྱས་པས། ཕྱི་ལོ་༢༠༡༨་ཕྱི་ཟླ་༥་ཚེས་༥་ལ་ཚོགས་ཆེན་འདི་དངོས་སུམ་ཚོགས་ཐུབ་པ་བྱུང་ཞིང་།  ཚོགས་ཆེན་འདི་བརྗོད་གཞི་ཆེན་པོ་གསུམ་གྱི་ཐོག་ཏུ་བགྲོ་གླེང་བྱས་ཡོད།

དང་པོ། ནང་པའི་ཚོགས་པ་ཁག་གི་ས་གནས་སོ་སོའི་ཡུལ་མི་ལ་དོན་སྙིང་ལྡན་པའི་ཕན་ཐོག་ཇི་ལྟར་དགོས་སམ། ཞེས་པའི་བརྗོད་གཞིའི་འོག་ཏུ་དོན་ཚན་གསུམ་ལ་བགྲོ་གླེང་ལྷུན་པོ་གནང་།

གཉིས་པ། ཆོས་ཚོགས་དར་རྒྱས་གཏོང་བ་ལ་གལ་གནད་ཆེན་ཤོས་གང་ཞིག་ཡིན་ནམ། ཞེས་པའི་བརྗོད་གཞིའི་འོག་ཏུ་དོན་ཚན་ལྔ་ལ་བགྲོ་གླེང་ལྷུན་པོ་གནང་།

གསུམ་པ། ནང་ཆོས་ཀྱི་གོམས་སྲོལ་དང་། རིག་གཞུང་།  ཆོས་ཚིག་གི་ཐ་སྙད་རྣམས་ཕྱིར་ཕུད་ནས་ནང་པའི་ལྟ་གྲུབ་དང་ཚན་རིག་གི་རྣམ་གཞག་ཟབ་མོ་རྣམས་ལ་ཆོས་དང་མ་འདྲེས་པའི་ཐ་སྙད་སྦྱར་ནས་སྤེལ་ན། ནང་ཆོས་ལ་ཕྲལ་ཕུགས་རྒྱང་གསུམ་ལ་ཕན་གནོད་ཀྱི་མཇུག་འབྲས་ཅི་ཞིག་འཐོན་སྲིད་དམ། ཞེས་པའི་བརྗོད་གཞིའི་འོག་ཏུ་དོན་ཚན་གཉིས་ལ་བགྲོ་གླེང་ལྷུན་པོ་གནང་།  སྐུ་མགྲོན་གཙོ་བོ་འགྲོ་མགོན་༧་གངས་རི་ཀརྨ་རིན་པོ་ཆེ་མཆོག་དང་དབྱིན་ཡུལ་བོད་གཞུང་གི་དོན་གཅོད་ཆོས་འཕེལ་ཚེ་རིང་རྣམ་གཉིས་ཀྱིས་གསུངས་བཤད་གནང་། ཚོགས་འདུ་གཙོ་སྐྱོང་བ། སྨར་ཚང་ཆོས་ཚོགས་ཀྱི་འབུམ་རམས་པ་Dr Spencer  དང་། Dr  Foong Ming དང་ Victoria Redstone ་གསུམ་གྱིས་བགྲོ་གླེང་གཙོ་སྐྱོང་གནང་། ཚོགས་བཅར་བ། རྒྱ་ནག་ནང་པའི་ཆོས་ལུགས་ཀྱི་སྐུ་ཚབ་རྒྱ་ནག་རི་བོ་རྩེ་ལྔའི་དགོན་པའི་འབུམ་རམས་པ་Dr Guang Kuan ་མཆོག་ཆེད་ཕེབས་གནང་། ཐེ་ཝན་གྱི་དགོན་ཆེན་བོ་ཀོང་སང་གི་Venarble  Chueh Yun Shih མཆོག་ཆེད་ཕེབས་གནང་། ནང་པའི་རྒྱལ་ཡོངས་ཚོགས་པའི་འགན་འཛིན་འབུམ་རམས་པ་Dr Patrick ་མཆོག་ཆེད་ཕེབས་གནང་། དབྱིན་ཡུལ་མཐོ་སློབ་ཆེན་མོའི་ངེས་དོན་པ་Professor Bee Scherer་མཆོག་ཆེད་ཕེབས་གནང་། ནང་པའི་རྒྱལ་ཡོངས་དགེ་རྩ་ཚོགས་པའི་འགན་འཛིན་John Marder མཆོག་ཆེད་ཕེབས་གནང་། དབྱིན་ཡུལ་དགེ་ལུགས་པའི་འཇམ་དབྱངས་ཆོས་ཚོགས་ཀྱི་Centre  Manager Ms Jackie Yip ་མཆོག་དང་ས་སྐྱའི་ཆོས་ཚོགས་བདེ་ཆེན་གླིང་གི་Nickola་སོགས་གལ་ཆེན་གྱི་འགན་འཛིན་དང་འབུམ་རམས་པ་སོགས་མི་སྣ་སྙིང་བསྡུས་ཀྱི་ཚོགས་ཆེན་འདི་ཆེས་དོན་སྙིང་ལྡན་པ་ཞིག་ཏུ་བྱུང་སོང་ལ། ཚོགས་པ་འདི་ཐོག་མ་དུས་ཚོད་གོ་བསྒྲིགས་བྱས་ཕྱོགས་ལ་ལྟོས་ནས་ཚོགས་སྡེ་འགའ་ཤས་མཉམ་ཞུགས་བྱ་རྒྱུའི་གོ་སྐབས་ཕུལ་མ་ཐུབ་པར་དགོངས་དག་ཞུས་ཤིག་ཡོད།

༧་འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེ་མཆོག་གིས་གསུངས་བཤད་གནང་བ། འབུམ་རམས་པ་ཕུན་མེན་གྱིས་གསུངས་བསྒྱུར་གནང་བཞིན་པ།

༧་འགྲོ་མགོན་གངས་རི་ཀརྨ་པའི་གཡོན་དུ་བོད་དོན་གཞུང་གི་དོན་གཅོད་དང་༧་གོང་ས་མཆོག་གི་སྐུ་ཚབ་ཆོས་འཕེལ་ཚེ་རིང་མཆོག་རེད།

༧་འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེ་མཆོག་གིས་གལ་ཆེན་མི་སྣ་ཁག་ལ་དར་དཀར་དང་ཕྱག་བརྟགས་གནང་ནས་ཚོགས་འདུ་རྒྱལ་ཁ་ངང་དུ་གྲོལ་བར་མཛད། ཚོགས་འདུ་འདིའི་ལས་རིམ་དང་བཀོད་བསྒྲིགས་ཡོངས་སུ་ཐེ་ཝན་སྨར་ཚང་ཆོས་ཚོགས་ཀྱི་འཕྲིན་ལས་མཁའ་ཁྱབ་གླིང་གི་ཚོགས་གཙོ་དང་། ལོ་གྲོན་སྨར་ཚང་ཆོས་ཚོགས་རྟག་བརྟན་དར་རྒྱས་གླིང་གི་ཕྱི་འབྲེལ་འགན་འཛིན་ཤེས་རབ་སྒྲོལ་མ་མཆོག་གིས་གྲལ་བསྒྲིགས་ཕུན་སུམ་ཚོགས་པ་གནང་བར་ཚང་མས་དགའ་སྤྲོ་ཆེན་པོས་ཁོང་ལ་ཐུགས་རྗེ་ཞུས་ནས་བདེ་སླ་ངང་དུ་གྲོལ།