འདིར་ཕེབས་པའི་སྐུ་མགྲོན་རྣམ་པར་བཀྲ་ཤིས་བདེ་ལེགས་ཞུ། 

ཕྱི་ལོ་༢༠༡༤་ཟླ་བ་༡༢་ཚེས་༢༦་ཆུ་ཚོད་༡༢་དང་ཕྱེད་ཀར་ཐོག་རྡ་སར་བོད་གཞུང་དཔེ་མཛོད་ཁང་གི་ཚོགས་ཁང་ནང་དུ།

སྨར་ཚང་བཀའ་བརྒྱུད་རྒྱལ་ཡོངས་ཚོགས་པའི་འགན་འཛིན་འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེས་གོ་བསྒྲིགས་བྱས་ཏེ། སྨར་ཚང་བཀའ་བརྒྱུད་རྒྱལ་ཡོངས་དྲ་བ་ཞིག་སྒོ་འབྱེད་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེལ་དཔལ་ཚེ་རིང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། བན་པོ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་བཅས་ཕེབས་གནང་བར། སྨར་ཚང་བཀའ་བརྒྱུད་རྒྱལ་ཡོངས་ཚོགས་པས་སྙིང་ཐག་པ་ནས་ཐུགས་རྗེ་ཆེན་ཞུས་ཀྱིན་ཡོད།  སྐབས་དེར་བཀའ་བརྒྱུད་སྤྱི་འཐུས་དང་ས་སྐྱའི་སྤྱི་འཐུས་ཕེབས་གཏན་ཁེལ་ཡང་གློ་བུར་ལས་རིམ་གཞན་གྱིས་དབང་གི་ཕེབས་ཐུབ་མེད་ཀྱང་ཐུགས་འཁུར་རྒྱ་ཆེན་བཞེས་པར་ཐུགས་རྗེ་ཆེན་ཞུས་ཀྱིན་ཡོད།  ཆོས་རིགས་ལྷན་ཁང་ནས་སྐུ་ཚབ་ཕེབས་ཐུབ་མེད་ཀྱང་གངས་རི་ཀརྨ་རིན་པོ་ཆེ་དང་ཆོས་རིགས་བཀའ་བློན་མི་རྗེ་པདྨ་ཆོས་འབྱོར་གཉིས་མཇལ་འཕྲད་གནང་ནས་རིན་པོ་ཆེས་བཀའ་བློན་མཆོག་ལ་གནས་སྙན་ཞུ་ཡོད་པ་རེད།  དེ་སྔོན་ཆོས་རིགས་དྲ་ལམ་ཐོག་ཏུ་ཆོས་དབྱིངས་དུས་དེབ་ནང་འཁོད་ལྟར་སྨར་ཚང་དང་ཡེལ་པ་སོགས་འགའ་ཤས་མེད་ཚུལ་འཁོད་ཡོད་པ་རེད།  ཐེ་ཝན་གནས་སྡོད་བོད་པ་དང་ཆོས་ཚོགས་ཁག་གིས་རེ་བསྐུལ་ལྟར་སྨར་ཚང་ལས་ཁུངས་ནས་རྒྱ་འུན་འུན་ཐོ་ལ་ཁྲིམས་གཏུགས་སྐབས་སུ་ཁྲིམས་རྩོད་པས་ཚིག་དུམ་དེར་ལག་པ་འཇུས་ས་བྱས་པའི་རྐྱེན་གྱིས་ཚིག་དུམ་དེ་ཕྱིན་འཐེན་རོགས་ཞེས་སྨར་ཚང་ལས་ཁུངས་ནས་ཆོས་སྡེ་ལས་ཁུངས་ལ་འཕྲིན་ཡིག་ཕུལ་མ་ཐག་ཏུ། སྐུ་ངོ་བཀའ་བློན་མཆོག་གིས་བཤམ་འོག་གི་ལས་བྱེད་ལ་བཀའ་བཏང་ཡོད་ཀྱང་ཁོང་ཚོས་དུས་བརྒྱང་ཤོར་བ་དང་། འདི་ནས་ཁྲིམས་གཏུགས་ཀྱི་ངལ་བ་སོགས་རྐྱེན་སྣ་ཚོགས་ལ་བརྟེན་ནས་སྨར་ཚང་ལས་ཁུངས་ཀྱིས་རིན་པོ་ཆེའི་མཚན་ཐོག་ནས་སྐུ་ངོ་བཀའ་བློན་ལ་གུས་ཞབས་མེད་པའི་ཚིག་བེད་སྤྱོད་བཏང་བའི་རིགས་དེ།  རིན་པོ་ཆེས་སྨར་ཚང་ལས་ཁུངས་ཀྱི་ཚབ་བྱས་ནས་སྐུ་ངོ་བཀའ་བློན་མཆོག་ལ་དགོངས་དག་ཞུ་ཡོད་པ་རེད།  སྐུ་ངོ་མཆོག་གིས་ཀྱང་སྨར་ཚང་ཉམས་གསོས་ཀྱི་ལས་དོན་སྒྲུབ་པ་ལ་ཡི་རངས་ཡོད་ཚུལ་གསུངས་པ་དང་། རྗེས་སུ་ཆོས་རིགས་ལྷན་ཁང་ནས་རོགས་ཕན་དགོས་ཚེ་ཐད་ཀར་འབྲེལ་གཏུགས་གནང་ན་རོགས་ཕན་གང་ཐུབ་གནང་མཆོག་གསུངས་པ་དང་། བཀའ་བློན་མཆོག་གིས་ཕྱིར་རྒྱལ་ལ་ནང་ཆོས་སྤེལ་སྟངས་བསྐོར་གསུངས་པ་དང་རིན་པོ་ཆེ་ནས་ཀྱང་སྨར་ཚང་གི་ལམ་རིམ་ནས་བཟུང་རིམ་བཞིན་གོམ་པ་རིམ་སྤོ་བྱེད་ཚུལ་གསུངས་ཡོད་པ་རེད།  རང་གཞུང་ཆོས་རིགས་ལྷན་ཁང་དང་སྨར་ཚང་ལས་ཁུངས་བར་མི་བདེ་བར་ཟུར་ཙམ་བྱུང་བ་དེ་གཙང་མ་བྱུང་ཡོད་པ་རེད། སྨར་ཚང་ལས་ཁུངས་ནས་ཆོས་རིགས་བཀའ་བློན་མཆོག་ལ་ཐུགས་རྗེ་ཆེན་ཞུས་ཀྱིན་ཡོད།  སྨར་ཚང་རྒྱལ་ཡོངས་དྲ་བ་བཟོ་སྐྲུན་པ་བོད་ཀྱི་དྲ་རྒྱ་ཇུས་འགོད་ཁང་གི་འགན་འཛིན་ལྷག་བསམ་ལྡན་པའི་མི་ཉག་སངས་རྒྱས་ལགས་ལ་ཐུགས་རྗེ་ཆེན་ཞུ།   གཞན་ཡང་དྲ་རྒྱ་སྒོ་འབྱེད་སྐབས་སུ་ཕེབས་པའི་རྒྱལ་གཅེས་གསར་འགོད་པ་དང་རྒྱལ་གཅེས་ཚགས་པར་ལྷན་ཁང་ཁག་སྐུ་ངལ་འཛིང་མེད་ཐོག་ཕེབས་ནས་གསར་བསྒྲགས་གནང་བར་སྨར་ཚང་བཀའ་བརྒྱུད་རྒྱལ་ཡོངས་ལས་ཁུངས་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེན་ཞུས་ཀྱིན་ཡོད།