སྨར་ཁམས་ལ་བཀའ་བརྒྱུད་པ་སྨར་འབྲུག་གཉིས་ཀྱི་དགོན་པའི་ངོ་སྤྲོད་སྙིང་བསྡུས།

ཆོས་རྗེ་སྨར་པ་ཤེས་རབ་ཡེ་ཤེས་ཀྱིས་ཕྱི་ལོ་༡༡༦༧་སྨར་ཁམས་རུ་ཤོད་ལ་གདན་ས་བཀྲ་ཤིས་དགོན་པ་ཕྱག་བཏབ་ནས་སྨར་ཚང་བཀའ་བརྒྱུད་སྲོལ་བཏོད། གྲྭ་གཉིས་སྟོང་ལྔ་བརྒྱ་ནས་ཁྲི་ཁ་ལོང་བ་བྱུང་། སྨར་པའི་གསུང་འབུམ་ལས་འདམ་སྟེང་བཀྲི་ཤིས་དགོན་པ་ཞུ་སྲོལ་ཡོད་ཀྱང། ས་པཎ་གྱིས་འཕྲིན་ཡིག་ལས་ཤོ་དགོན་བྲིས་པས་དེ་ལྟར་གྲགས། ཤོ་དགོན་གྱི་གྱང་ཤུལ་སྨར་ཁམས་རུ་ཤོད་ཀྱི་ཁྱབ་ཁོངས་གང་དུ་ཡོད་མེད་ངེས་གཏད་རྙེད་མེད། འགྲོ་མགོན་རིན་ཆེན་གྱིས་ཕྱི་ལོ་༡༢༠༠་ལོ་སྨར་ཁམས་རུ་ཤོད་ལ་ཙོམ་མདོ་གནས་གསར་དགོན་པ་བཏབ་ཅིང་། གྲྭ་པ་ཁྲི་ལ་ཉེ་བར་རྒྱས་པས་ཤོ་ཙོམ་ཉི་ཟླ་ཟུང་གཅིག་གྲགས། འགྲོ་མགོན་རིན་ཆེན་གྱི་སྐྱེ་ཕྲེང་འཛིན་པ་གངས་རི་ཀརྨ་ལེགས་བཤད་རྒྱ་མཚོས་ཕྱི་ལོ་༡༩༥༡་ལོ་འདེག་དཔོན་ཆོས་སྒར་ཕྱག་བཏབ་སྟེ། སྨར་ཚང་ཕྱག་ཆེན་མན་ངག་རྒྱ་མཚོ་སྒོམ་ཁྲིད་དང་རྫོགས་ཆེན་སྒོམ་ཁྲིད་བྱས་པས་གྲྭ་བཙུན་མང་དུ་བྱུང་། 

འབྲུག་པ་བཀའ་བརྒྱུད་ནི། རབ་བྱུང་དགུ་པ་ནང་དུ་ཀུན་མཁྱེན་པདྨ་དཀར་པོས་སྨར་ཁམས་སྟག་ར་ཕྱོགས་སུ་འབྲུག་པ་དགོན་པ་ཕྱག་བཏབ། དུས་རབས་གང་ཡིན་ངེས་པར་རྙེད་མེད་ཀྱང་། དགོན་པ་འདི་དར་བའི་དུས་སུ་སྨར་ཁམས་ཡུལ་དུ་སྙན་གྲགས་ཀྱི་ཆོས་དུང་བུས་མྱོང་བ་ཞིག་ཡིན་ཏེ། ཡུལ་གྱི་ཁ་དཔེ་ལ། ས་ལ་གུ་འབྲུག་གསེར་གསུམ་ཞེས་གུ་ཎ་དགོན་པ། འབྲུག་པ་དགོན་པ། གསེར་ལྡན་པ་གསུམ་གྱི་ནང་ནས་འབྲུག་པ་བཀའ་བརྒྱུད་ཀྱི་དགོན་སྡེ་འདི་སྙན་གྲགས་ཆེན་པོ་ཡོད། ཕྱིས་སུ་སྨར་ཚང་བཀའ་བརྒྱུད་དགོན་སྡེ་དང་རི་ཁྲོད་ཁག་ཤས་འབྲུག་པ་བཀའ་བརྒྱུད་འདྲེས་མ་ལྟ་བུ་ཡོད། དེ་དག་ཕྱིས་སུ་རིམ་བཞིན་ཉམས་གུད་སོང་ནས་དགེ་ལུགས་པ་ལ་འགྱུར་བ་དང་བསྒྱུར་བ་ཅི་རིམ་གྱུར་པས། ད་ལྟ་སྨར་ཡུལ་འདིར་སྨར་ཚང་དང་འབྲུག་པ་གཉིས་པོ་སྟོང་ལ་ཉེ་བའི་ཆོས་བརྒྱུད་ཉམས་ཕྲ་བ། ནུས་པ་ཞན་པ་ཞིག་ཡིན་ཀྱང་འབྲུག་པ་འདི་སྐྱབས་རྗེ་འབྲུག་པ་སངས་རྒྱས་རིན་ཆེན་ནས་ངག་དབང་རབ་གསལ་བར་སྐུ་ཕྲེང་བཅུ་གསུམ་བྱོན་པ་དག་གིས་བརྒྱུད་འཛིན་བྱས་དང་བྱེད་མུ་ཡིན། ད་ལྟ་གྲྭ་པ་ལྔ་བཅུ་ལྷག་ཡོད།  ད་ལྟ་རྡ་སར་མདོ་སྟོད་ལོ་རྒྱུས་ཚོགས་ཆུང་ཟེར་བ་དེའི་ཟིན་བྲིས་ནང་དུ། སྨར་ཁམས་སུ་བཀའ་བརྒྱུད་པའི་གྲྭ་གསར་ཚུར་ཕུ་དགོན་པ་འགྲོ་སྲོལ་ཡོད་ཅེས་བྲིས་པ་དེ་མིག་གདངས་ནས་ལོང་སྐད་རྒྱག་པ་ལྟ་བུ་ཡིན་ཏེ། ཀརྨ་པས་བཞེངས་པའི་གསེར་ལྡན་དགོན་པ་ནི་ལོ་ངོ་མང་པོའི་སྔོན་ནས་རྙིང་མ་ཀཿ་ཐོག་པའི་ཡན་ལག་ཅན་དུ་གྱུར་ཟིན་པས་གྲྭ་གསར་ཀཿཐོག་ལ་འགྲོ་སྲོལ་ཡོད། འབྲུག་པ་བཀའ་བརྒྱུད་ཀྱི་དགོན་སྡེ་ཁག་དང་སྨར་ཚང་བཀའ་བརྒྱུད་ཀྱི་དགོན་སྡེ་ཁག་ཀརྨ་པའི་གདན་ས་ལ་འགྲོ་སྲོལ་གཏན་ནས་མེད་པར་ཤེས་བཞིན་དུ་འདི་ལྟར་བྲིས་པ་དེ། བྲིས་པ་པོ་རང་ཉིད་བློ་གཟུར་བོ་མི་གནས་པའི་ཕྱོགས་ལྷུང་ཡིན་པར་ངོ་སྤྲོད་བྱས་པ་ཙམ་ལས་ཕན་འབྲས་ཐོན་མི་སྲིད་པར་ཤེས་ན་ལེགས་སོ། །