སྨར་ཁམས་ཀྱི་མིང་ནི་ཕྱི་སྣོད་གྱི་ཐོན་ཁུངས་གསེར་དངུལ་ཟངས་ལྕགས། རྩི་ཤིང་ནག་ཚལ། འབྲུ་རིགས་ཤིང་ཏོག་སོགས་སྐྱེས་དངོས་སྨར་རྐྱང་གི་ཕྱུག་པས་སྨར་ཟེར་བ་དང་། ནང་བཅུད་རྟ་ནོར་ལུག་གསུམ། གཅན་གཟན་འདབ་ཆགས། མཁས་པ་དང་གྲུབ་ཐོབ་ཀྱི་ཡོན་ཏན་ཕྱུག་པའི་རིན་པོ་ཆེན་མང་པོ་བྱོན་པས་སྨར་ཟེར། ཁམས་ནི་སྒང་དྲུག་གི་ནང་གསེས་ཀྱི་ཁམས་ཤིག་ཡིན་པས་སྨར་ཁམས་ཞེས་ཐ་སྙད་ཐོག་ཅིང། གླིང་གི་དུས་སུ་སྨར་ཁམས་གླིང་ཡུལ་ཁྲ་མོ་ཞེས་བོས་སྲོལ་ཡོད། སྨར་ཁམས་ཞེས་པའི་ཐ་སྙད་དུས་རབས་ག་དུས་ནས་ཐོག་པ་ངེས་གཏན་དཀའ་ཡང་། ཁྲི་སྲུང་ལྡེའུ་བཙན་གྱི་དུས་སུ་ཡིག་རྙིང་དག་ལས་སྨར་ཁམས་ཞེས་བོས་པར་གསལ། སྔར་འབྲི་ཆུ་དང་ཟླ་བ་ཆུ་གཉིས་ཀྱི་བར་དུ་ཆགས་པའི་སྨར་ཁམས་སྒང་གི་ཁོངས་སུ་གཏོགས་པ་ཐམས་ཅད་སྨར་ཁམས་ཀྱི་ཁྱབ་ཁོངས་ཡིན།

འབྲི་རྫ་སྒང་ནི་སྨར་ཁམས་སྒང་གི་ནང་གསེས་ཡིན། སྔར་གྱི་སྨར་ཁམས་པའི་བྱང་ཤར་ཕྱོགས་སུ་ས་ངན་རྒྱལ་ཁྲི་ཨ་དངུལ་རྫོང་ནས་ཉག་འགན་བུ་མོའི་རྫོང་གི་བར་དང་།  རྩེ་གསུམ་སྟོད་སྨད་བར་གསུམ་དང་། འབུམ་པ་སྟོད་སྨད་བར་གསུམ་ནས་འཇུས་སྒྲོ་ལའི་བར་སྨར་ཁམས་ཀྱི་ཁྱབ་ཁོངས་ཡིན་པར་གྲགས།  ནུབ་བྱང་ཕྱོགས་སུ་ཆབ་མདོ། ཉག་བྲེ། རྒྱལ་མོ་བཀྲ་ཤིས་སྟག་ཟམ། གླ་རོང་། གྲུ་ཁར། ཚྭ་མཁར། ཝ་དུང་སོགས་ཁ་བ་དཀར་པོར་ཐུག་གི་བར་ཟླ་ཆུའི་རྒྱུན་རྣམས་སྨར་ཁམས་ཀྱི་ཁྱབ་ཁོངས་ཡིན་པར་གྲགས།

བར་དུ་དགའ་ལྡན་ཕོ་བྲང་གི་དུས་སུ་སྨར་ཁམས་པའི་ཁྱབ་ཁོངས་ཀྱི་གྲས་ནས། ཆབ་མདོ་དང་། ཉག་བྲེ་དང་། ལྷ་སྲུང། རྩེ་ཟོངས།  ས་ངན་རྒྱལ་ཁྲི་ཨ་དངུལ་རྫོང་ནས་གྱོང་སོང་ར་ནག་རྫོང་གི་བར་དང་། རྩེ་གསུམ་སྟོད་སྨད་བར་གསུམ་སོགས་གཞན་གྱི་ཁོངས་སུ་གྱུར། གླ་རོང་སྡེ་བའི་མདུང་ལ་རི་དང་། དུང་ཟླ་ལའི་ཚུད་ཆད་སྨར་ཁམས་ཀྱི་གྲས་སུ་གྱུར། དུས་ཕྱི་གུང་ཁྲན་གྱི་སྨར་ཁམས་ཉག་འགན་བུ་མའི་རྫོང་དང་། རྩེ་གསུམ་སྡེ་བ། འབྲུ་ནག་སྡེ་བ། རྔ་རྩ་སྡེ་བ་རྣམས་སྨར་ཁམས་ཀྱི་གྲས་སུ་བསྒྱུར། གླ་རོང་ལྕགས་མཁར་སོགས་ཟླ་ཆུ་ཕར་རིའི་སྡེ་བ་འགའ་ཤས་མཛོ་སྒོམ་གྱི་གྲས་སུ་བསྒྱུར་ཡོད།

 སྨར་ཁམས་པའི་གནས་རི་ངོ་སྤྲོད། སྨར་ཁམས་ལ་ལུང་ཕྲན་སོ་སོའི་གནས་རི་དང་ཡུལ་ལྷ་སྣ་ཚོགས་ཡོད་ཀྱང་། ཡོངས་གྲགས་སུ་སྨར་ཁམས་ཀྱི་བྱང་ཤར་ཕྱོགས་སུ་རྡོ་ལྷ་མེ་ཏོག་ར་བ་ཞེས་པའི་ལོངས་སྐུའི་གནས་ཡོད། ཤར་ཕྱོགས་སུ་ཁམས་ཀྱི་གནས་ཆེན་ཉེར་ལྔའི་གྲས་ནས་འཕྲིན་ལས་ཀྱི་གནས་རྡོ་རྗེ་གྲོ་ལོད་རང་བྱོན་གྱི་གནས་ཡོད། ལྷོ་ཕྱོགས་སུ་རྣམ་པ་སྣང་མཛད་རང་བྱོན་གྱི་གནས་ཡོད། ནུབ་ཕྱོགས་སུ་བདེ་མཆོག་དྲིལ་བུ་པའི་རང་བྱོན་གྱི་གནས་ཡོད། ཤར་ཕྱོགས་སུ་ཀླུ་མི་མགོན་དཀར་མོའི་ཕོ་བྲང་འབུམ་མཚོ་ཕྱུག་མོ་ཡོད། གནས་རིའི་ལོ་རྒྱུས་ཞིབ་ཕྲ་སོ་སོའི་གནས་བཤད་ལ་གཟིགས་ན་ཤེས།

སྨར་ཁམས་ཀྱི་རི་ལ་ཐོན་ཁོངས་ངོ་སྤྲོད། ཐང་ཤིང་། སྒྲོན་ཤིང་། བེ་ལོ་ཤིང། གྲོ་བ་ཤིང་། སྟག་མ་ཤིང། ལ་བ་ཤིང་།  སྟར་ཁ་ཤིང། ཤུག་པ། ལྕང་མ། གླང་མ། རྒྱ་ལྕང་། སུ་རུ་དཀར་དམར། འུར་བུ་ཤིང། ཇ་འབྲུ་ཤིང་སོགས་ཤིང་རིགས་མང་པོ་ཐོན་ཞིང།  དབྱར་གྲོ། བེ་སྨུག དབྱར་རྩྭ་དགུན་འབུ། སོ་ལ་དཀར་དམར། བེ་ཤ།བེ་རྣ། གསེར་ཤ། ཤ་གྲོན་སྒོ་གྲོན། རྒེ་མིན།  ཙོང་། བྲག་འཛི། རུང་པ། ཇང་འབྲི། ཁམ་བུ། སེ་འབྲུ་མངར་སྐྱུར་གཉིས། རྒུན་འབྲུམ་དཀར་ནག་གཉིས། ལི། ཀུ་ཤུ། བྲོ་ནས་སྲིན་གསུམ། ཁྲིར། ཙི་ཙིར་སོགས་ཐོན་གྱི་ཡོད།

 དུད་འགྲོ་ལས་ཐོན་ཁོངས་ངོ་སྤྲོད། ནོར་ལུག་གི་མར་ཕྱུར་སྤུ་གསུམ། གླ་རྩི། ཤ་རྭ། དོམ་མཁྲིས། གཟིམ་རུས། སྟག་རུས།  རྒྱ་མ་ཁྲག་བུ་ཁྲག་སོགས་ཐོན་ཁོངས་ཕྱུག་པའི་ས་ཞིག་ཡིན།

སྨར་ཁམས་ཀྱི་མི་ལ་སྐད་རིགས་མི་འདྲ་བ། སྨྲ་སྐད། རོང་སྐད། ཡུལ་སྐད། འབྲོག་སྐད་བཅས་ཡོད།

རི་སྐྱེས་འདབ་ཆགས་དང་གཅན་གཟན་ངོ་སྤྲོད་ནི། ནེ་ཙོ། ཤང་ཤང་ཏེའུ། བྱ་གར། བྱ་ནག བྱ་ཚེ་རིང་། སྲེད་པ། ངང་པ། ཁྲུང་ཁྲུང་། གོང་མོ། ཁུ་ལུང་།རྒོད། གླག བྱ་གའུ། ཁྲ། ཡུལ་ལེ། འུག་པ། རྫི་སིག སྐྱུང་ཀ། སྐྱ་ཀ འུག་ཆུང་། འཇོལ་མོ། སྟག་གཟིག དོམ་ནག། དྲེད་མོ། རྒྱ་རྒོད། ར་རྒོད། ཕག་རྒོད། གཡི། ཝ་མོ།  ཁྱི་སྤྱང་། ཤ་བ། གནར་བ། གླ་བ།  གྲུམ་པ། ཕྱི་བ། སྲམ་བཅས་ཡོད། རྡོ་ལ་ཡང་། རྡོ་སྨན། བཅུད་ལེན་གྱི་རྡོ། རྡོ་ཚོན་དཀར་སེར་དམར་གསུམ། མེ་ཟེར་གྱི་རྡོ། གཡའ་མའི་རྡོ་སོགས་རྡོ་རིགས་མང་པོ་ཐོན་ཁུངས་ཡིན།

སྨར་ཁམས་པའི་སའི་བཀོད་པ་འདི་འཛམ་གླིང་ས་བཀྲ་ཤར་ནས་ནུབ་ཀྱི་ས་ཐིག་ཨང་དང་གཉིས་ཀྱི་བར་ཡོད། བྱང་ནས་ལྷོའི་ས་ཐིག་ཨང་དང་གཉིས་ཀྱི་བར་ཡོད་ཅིང་། སྨར་ཁམས་རྫོང་ལ་རྒྱ་སྐད་དུ་ཤང་ཟེར་བ་བཅུ་བཞི་ཡོད། ཐོག་མ་སྨར་ཁམས་རྫོང་རི་ཤོད་ཡིན། བར་དུ་སྨར་ཁམས་རྫོང་རྒྱ་བཀག་ཡིན། ད་ལྟ་སྨར་ཁམས་རྫོང་སྒར་ཐོག་ཡིན། ད་ལྟ་སྨར་ཁམས་ཀྱི་མི་གྲངས་ ༧༠༤༡༦ ་ཡན་མན་ཡོད། སྨར་ཁམས་འདི་རྒྱ་མཚོའི་ངོས་ནས་མཐོ་ཚད་ ༤༡༧༩་ཡོད་ལ། སྨར་ཁམས་ཀྱི་ས་ཁྱོན་རྒྱ་ཆེ་ཆུང་སྤྱི་ལེ་གྲུ་བཞི་མ་ ༡༡༦༣༢, ༢་པའི་སྨར་ཁམས་འདི་ཁམས་ཕྱོགས་སུ་རྫོང་ཆེན་ཤོས་ཤིག་ཀྱང་ཡིན། ས་འདི་ལྷ་ས་ནས་རྒྱ་ནག་ཁྲི་ཏུའུ་དང་ཡོན་ནེ་ཞིང་ཆེར་འགྲོ་བའི་གཞུང་ལམ་ཁེལ་ས་ཞིག་ཡིན།